བྱེད་ནུས་གཙོ་བོའི་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་འདུ་ཤེས་གསར་པས་ལག་ལེན་གསར་པར་ཁྲིད་སྟོན་བྱེད་པ།
མ་འོངས་གྲོང་ཁྱེར་ལ་རླབས་རྒྱུན་གསར་པ་འཕྱུར་བ།
“ལོ་ལྔ་ཚན་བཅུ་ལྔ་པའི”འགོ་ཚུགས་ལོར་ཧོ་པེ་ཞུང་ཨན་ཁུལ་གསར་དུ་བྱ་བ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་སྟེ།
པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ལ་ཆེད་མངགས་བཟོས་པའི་ཅིང་ཞུང་བདེ་བགྲོད་ལམ་ཐིག་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་སོང་བ་དང་། ས་འོག་བར་མཐོངས་ཀྱི་ཚད་གསུམ་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་ཐོག་མ་དེ་སྤྲད་ནས་དོ་དམ་ཚགས་ཚུད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། ཞུང་ཨན་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ནས་སྒོ་རྩར་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་བ་སོགས་རེད།
ཟླ་3ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་དང་། བརྟག་ཞིབ། བཞུགས་མོལ་བཅས་གནང་བར་ཕེབས་ཤིང་། “ཞུང་ཨན་ཁུལ་གསར་ནི་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་ཀྱི་གཅིག་སྡུད་ཐེག་ཁུར་ཁུལ་ཡིན་པའི་བྱེད་ནུས་གཙོ་བོའི་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས”ཞེས་དང“དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་ཧུར་ཐག་གཏོད་དགོས”ཞེས་འཆར་འགོད་དང་ཁྲིད་སྟོན་གནང་ཡོད།
“ཁ་འགྲེམས”ཀྱི་ཐོག་མའི་བསམ་འདུན་བརྟན་པོར་ངེས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་རྣམ་པ་གསར་པ་གཏོད་པ།
“ཁ་འགྲེམས”ཀྱི་ཐོག་མའི་བསམ་འདུན་བརྟན་པོར་ངེས་ནས་ཞུང་ཨན་གྱིས་ཚད་གཞི་མཐོ་བའི་འཆར་འགོད་དང་། སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དོ་དམ་བཅས་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད།
ཉིན་ཤས་གོང་། ཞུང་ཨན་ཁུལ་གསར་གྱི་འགོ་འཛུགས་ཁུལ་དུ་གནམ་གཤིས་ཀྱི་དཔེ་དབྱིབས་ཆེན་པོ་འབྲེལ་མཐུད་བྱས་ཏེ་ས་ཆ་གཞན་གྱི་སྔོན་ལ“ནམ་དུས་བཞིའི་བྱ་དངོས་ཉི་ཤུའི”ཁོར་ཡུག་གཙང་སྦྲའི་སྤུས་ཕན་དཔྱད་ཞིབ་བྱེད་སྟངས་སྤྱད་པ་དེས་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་ཉིན་མོ་དེ་རང་གི་དཔྱད་ཞིབ་བྱེད་སྟངས་རང་བཞིན་གྱིས་གྲུབ་སྟེ་ཚན་རིག་དང་མཐུན་པའི་ངང་ཁོར་ཡུག་གཙང་སྦྲ་བྱེད་སྟངས་དང་དུས་མཚམས་བཀོད་སྒྲིག་བྱེད་ཀྱི་ཡོད། “སྤྲིན་རྩིས་གྲོང་ཁྱེར”ལ་གྲངས་འཛིན་གྱིས་མཐུན་རྐྱེན་སྐྲུན་བཞིན་ཡོད། “ཞུང་ཨན་གྱི་གྲངས་རྩིས་ལྟེ་གནས”སུ་གྲོང་ཁྱེར་གྱི་འཁོར་སྐྱོད་གྲངས་གཞི་དུང་ཕྱུར་400ལྷག་ཙམ་གཅིག་ཏུ་བསྡུས་ནས་ས་ཁོངས་ཧྲིལ་པོར་གྲངས་འཛིན་གྲོང་ཁྱེར་དང་འཚོ་བ་དངོས་ཀྱི་གྲོང་ཁྱེར་དུས་གཅིག་ཏུ་སྐྲུན་ཐུབ་ཀྱི་ཡོད་ཅིང་། ཁང་པ་སྟར་པ་རེ་རེ་ཙམ་མ་ཟད། གཞུང་ལམ་དང་ལམ་སྒྲོན་ཚུན་ཆད་རྟ་སྒ་ཆ་སྒྲིག་ཡོང་བར་བྱས་ཏེ། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་གྲོང་ཁྱེར་གྱི་ཚགས་ཚུད་ཅན་གྱི་དོ་དམ་ལ་ཞབས་འདེགས་ཞུ་ཡི་ཡོད།
ཁུལ་གསར་གྱི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་ཞུང་ཨན་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་གཞོན་པ་དབྱིན་ཧུའེ་ལེང་གིས“ས་ཆ་སྦར་མཐིལ་ཙམ་ཡང་འཆར་འགོད་གསལ་གསལ་ཐིང་ཐིང་བྱས་རྗེས་གཞི་ནས་ལས་འགོ་བཙུགས་ཏེ་སྐྲུན་པའི”ངང་རྒྱུད་རིང་པོ་དང་ངེས་ཤུགས་ལ་བདེན་དཔང་བྱས་ཡོད། ཞིབ་ཕྲའི་ལས་ཀ་ཞིག་གིས་ཁོང་ལ་བག་ཆགས་ཟབ་མོ་བྱུང་བ་སྟེ། འཆར་འགོད་ཇུས་འགོད་བྱེད་སྐབས་ཕྲུ་གུ་སློབ་གྲྭར་སྐྱོད་པའི་ལམ་བུ་ཆེད་མངགས་བཞག་ནས་ཕྲུ་གུ་ཚོ་སྤྱི་གླིང་གི་སྤང་ལྗོངས་བརྒྱུད་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པར་བྱས་པ་དེ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་42ཚང་མ་དོན་གཅིག་ཀུན་སྒྲུབ་ཡོང་བ་བྱས་པ་དང་། ཁུལ་གསར་གྱི་ཁྱད་ལྡན་དོན་གཅིག་ཀུན་སྒྲུབ་8ཀྱི་རྣམ་པ་དུས་གཅིག་ཏུ་གཏོད་པ། ཅིང་ཞུང་གི་སྲིད་དོན་ཞབས་ཞུ་ཁག་278གྲོང་ཁྱེར་གཅིག་ཏུ་སྒྲུབ་ཐུབ་པ་སོགས“‘བྱ་བ་སྒྲུབ་པར་གཞན་ལ་རེ་མི་དགོས་པ་དང་། ཞིབ་མཆན་འགོད་པར་འགོག་རྐྱེན་མེད་པ། ཐེངས་གཅིག་ལས་སྐྱོད་མི་དགོས་པ’བཅས་ཞུང་ཨན་གྱི་མཚོན་རྟགས་གལ་ཆེན་དུ་ཧུར་ཐག་འགྱུར་བར་བྱས་ཡོད། ཞུང་ཨན་ཁུལ་གསར་གྱི་ཚོང་གཉེར་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀའོ་ལི་ཁྲུན་གྱིས། ཞུང་ཨན་ཁུལ་གསར་གྱིས“པེ་ཅིང་གི་བྱ་བ་ཞུང་ཨན་དུའང་སྒྲུབ་ཐུབ་པའི”ཞབས་ཞུའི་ཁྱབ་ཁོངས་རྒྱུན་མཐུད་ཆེ་རུ་བཏང་ནས་ས་ཁོངས་བསྒྲལ་ནའང་སྒྲུབ་ཐུབ་པའི་དོན་དག་མང་དུ་ཤུགས་ཆེན་བཏང་སྟེ། ཁ་འགྲེམས་བྱ་ཡུལ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་བདེ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
“ཁ་འགྲེམས”ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཐོན་ལས་འཕེལ་རྒྱས་དང་གསར་གཏོད་ཀྱི་མཐོ་ས་གཏོད་པ།
ཁུལ་གསར་གྱི་ཁག་དང་པོའི་ཁྲོམ་ར་ཅན་གྱི་ཁ་འགྲེམས་རྣམ་གྲངས་གསུམ་གྱི་གྲས་ཤིག་ཡིན་པའི་ལི་ཤིས་ཧོན་གནས་སའི་ཀྲུང་གོ་གློག་འཕྲིན་གྲངས་འཛིན་གྲོང་ཁྱེར་ཚན་རྩལ་ཚད་ཡོད་ཀུང་སི་ཀྲུང་གོའི་གློག་འཕྲིན་རིག་ལྡན་གྲོང་ཁྱེར་ཐོན་ལས་གླིང་དུ་གནས་ཡོད། ལག་ཐོགས་ཁ་པར་ཁ་ཕྱེ་ནས་ལྟ་སྐབས། ཁོང་གིས་ཉར་ཚགས་བྱས་པའི་པར་གཉིས་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་ཞུང་ཨན་གྱི་རྣམ་པ་མངོན་པ་སྟེ། གཅིག་ནི་2021ལོར་བརྒྱབ་པའི་ཐོན་ལས་གླིང་གི་རྩིག་རྨང་འདིང་བ་དང་མཐའ་འཁོར་ཚང་མ་ལས་ཡུལ་ཡིན་པའི་པར་དང་། གཅིག་ཤོས་ནི་2024ལོར་བརྒྱབ་པའི་ཐོག་བརྩེགས་ཅན་གྱི་ཐོན་ལས་གླིང་སྤྱོད་འགོ་ཚུགས་པའི་པར་ཡིན་པ་རེད།
ཀྲུང་གོ་གློག་འཕྲིན་གྲངས་འཛིན་གྲོང་ཁྱེར་ཚན་རྩལ་ཚད་ཡོད་ཀུང་སིས་ཞུང་ཨན་ཁུལ་གསར་དུ་གཉེར་བའི་ལྗོངས་རྣམ་རྣམ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེའི་ནང་རིག་ལྡན་འགྲིམ་འགྲུལ་དང་། རིག་ལྡན་གླིང་ཁུལ། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཚུད་པ་མ་ཟད། ད་དུང་འབྲེལ་ཡོད་འཛུགས་སྐྲུན་གྱི་གྲུབ་འབྲས་གྲོང་ཁྱེར་གཞན་དག་ཏུ་ཁྱབ་གདལ་དང་བེད་སྤྱོད་གཏོང་བཞིན་ཡོད།
“ང་ཚོ་དང་ཁུལ་གསར་མཉམ་དུ་འཚར་ལོངས་བྱུང་ཡོད”ཅེས་ལི་ཤིས་ཧོན་གྱིས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། ཁོང་གིས། ཀུང་སི་ཐོག་མར་འཛུགས་སྐབས་མི་30ལྷག་ཙམ་ལས་མེད། ད་ཆ་མི་500ལྷག་ཙམ་བར་མང་དུ་ཕྱིན་ཡོད་ལ། ཚོང་གཉེར་ཡོང་འབབ་བསྡོམས་འབོར་ཡང་སྒོར་དུང་ཕྱུར་ལས་བརྒལ་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཧྭ་ནེང་ཚོགས་པས་ནུས་རྒྱུ་གསར་པའི་ཁྱབ་ཁོངས་སུ་རྒྱུན་མཐུད་གསར་འབྱེད་གསར་གཏོད་བྱས་ཤིང་། ན་ནིང་ཟླ་10པར་ཚོགས་པའི་སྤྱི་ཁྱབ་པུའུ་དང་དེ་བཞིན་འབྲེལ་ཡོད་ཡན་ལག་ཀུང་སིའི་ལས་མི་1000ལྷག་ཙམ་ཞུང་ཨན་དུ་གནས་སྤོས་པ་རེད། ཚོགས་པའི་སྤྱི་ཁྱབ་དཔལ་འབྱོར་ཆེད་ལས་ཅན་གཞོན་པ་ལི་ལའེ་ལུང་གིས། ང་ཚོའི་གོ་སྐབས་ནི“འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་གང་མགྱོགས་སྒྱུར་བའི”སྲིད་ཇུས་ཀྱི་ཁ་ཕྱོགས་དང“ལོ་ངོ་སྟོང་གི་ཇུས་ཆེན”གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ནས་ཐོབ་པར་བྱ་རྒྱུ་རེད་ཅེས་བཤད། མིག་སྔར། ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཞུང་ཨན་དུ་གཅིག་སྡུད་བྱས་པ་དང་ལྗང་མདོག་ནུས་རྒྱུའི་ཐོན་ལས་སྦྲེལ་ཐག་གྲུབ་ནས“ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་། ཞིབ་འཇུག་གསར་སྤེལ་རྟེན་གཞི། ལྷན་སྦྱར་ཁེ་ལས”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
“ཁ་འགྲེམས”ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པ།
2024ལོའི་ཟླ་9པར། མེ་ཁཱ་མན་ཏེ(ཞུང་ཨན)འཕྲུལ་མིའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་གསར་གཏོད་པ་ཧྲའོ་ཐེན་ལན་གྱིས་སྤྱི་ཁྱབ་པུའུ་པེ་ཅིང་ནས་ཞུང་ཨན་དུ་སྤོས། ད་ཐེངས་ཀྱི་གནས་སྤོས་བརྒྱུད་ཁོང་གིས་ཀུང་སིའི་དེ་སྔའི་ཕྱོགས་རྐྱང་པའི་བཀོད་ཇུས་ནས་ས་གནས་མང་པོ་དང་མཉམ་ལས་བྱེད་པའི་བར་འཕེལ་རྒྱས་བྱུང་ཡོད། “ཁ་འགྲེམས་ཀྱི་གོ་སྐབས་དང་བསྟུན་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཐོན་ཁུངས་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་པེ་ཅིང་མཐོ་སློབ་ཀྱི་ཐོན་ཁུངས་ལ་བརྟེན་ནས་ལག་རྩལ་གསར་ཤོས་གསར་སྤེལ་བྱས་པ་དང་། ཞུང་ཨན་གྱི་ལྗོངས་རྣམ་ལ་བརྟེན་ནས་གྲངས་གཞི་བསྡུ་རུབ་དང་བེད་སྤྱོད་ཚོད་ལྟ་བྱེད་པར་སྐུལ་འདེད་བཏང་བའི་ཁར། ཧོ་པེའི་མཐའ་འཁོར་གྱི་འཐུས་སྒོ་ཚང་བའི་སྔོན་ཐོན་བཟོ་སྐྲུན་གྱི་ལེ་ལག་སྤྱད་དེ། ཀུང་སིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ལྗོངས་རྣམ་ཚོད་ལྟ་ར་སྤྲོད་བྱེད་པ་ནས་ཐོན་ལས་དོན་འཁྱོལ་བྱེད་པའི་བར་གྱི་འཁོར་འབྲེལ་ཧྲིལ་པོ་བཏོད་ཡོད”ཅེས་ཧྲའོ་ཐེན་ལན་གྱིས་བཤད།
དེང་སྐབས། མེ་ཁཱ་མན་ཏེའི་ཐོན་རྫས་མང་པོ་ཞིག་གཞི་ཁྱོན་ཆེན་པོས་དོན་འཁྱོལ་བྱུང་ནས་ལོ་རེར་དངོས་ཟོག་ཐོན་འབབ་ཁྲི་ཙམ་ཟིན་གྱི་ཡོད།
མེ་ཁཱ་མན་ཏེ་གནས་སའི་ཞུང་ཨན་ཁུལ་གསར་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་གིས“པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཐོན་ལས་མཐུན་སྦྱོར་གྱི‘སྦྲེལ་ཐག’”ཡག་པོ་བྱེད་པར་གཞོལ་བས། ཉིན་ལྟར་སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་དང་། ཁེ་ལས་ཕན་ཚུན་དབར་གྱི་མཉམ་ལས། ས་ཁོངས་མཐུན་སྦྱོར་བཅས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཐོས་རྒྱུ་ཡོད། གཞན་ཡང་ཐོན་ལས་གླིང་བཙུགས་ནས་དུས་ཐུང་ལོ་གཉིས་ནང་དེ་གར་བཅའ་སྡོད་བྱེད་མཁན་ཚན་རྩལ་གསར་གཏོད་ཁེ་ལས་200ལྷག་ཙམ་ཟིན་ཡོད།
ཞུང་ཨན་དང་པེ་ཅིང་དུ་ཡོད་པའི་ཁེ་ལས་དང་། མཐོ་སློབ། ཚན་རིག་ཞིབ་འཇུག་ཁང་སོགས་གསར་གཏོད་ཀྱི་བྱེད་པོ་སྣ་ཚོགས་འབྲེལ་མཐུད་དམ་ཟབ་བྱས་པས། མིག་སྔར་ཁེ་ལས་ཁྲི་1.3ལྷག་ཙམ་ཞུང་ཨན་དུ་བཅའ་སྡོད་བྱས་པ་དང་ཚན་རྩལ་འགག་སྒྲོལ་གྱི་ས་ཁོངས་མཐུན་སྦྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། ད་ལོའི་ཟླ་2པའི་བར། ཞུང་ཨན་ཁུལ་གསར་དུ་རྒྱལ་ཁབ་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི“གྱད་མི་ཆུང་གྲས”ཀྱི་ཁེ་ལས་10དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་700ཙམ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།