འཛིན་ཤོག་གི་གྲངས་གཞི་ལས་མངོན་པར།
བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འབོར་བརྟན་སྤུས་འཕར་བྱུང་ནས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་མུ་མཐུད་ཆེ་རུ་ཕྱིན་པ།
གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཚེས་1ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱུང་བ་དང་བསྟུན་ནས་འདི་ལོ་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་འགོ་ཡག་པོ་འཛུགས་པ་དང་། རྨང་གཞི་བརྟན་དུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་རྣམ་པ་མངོན་ཡོད།
བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འབོར་བརྟན་སྤུས་འཕར་བྱུང་བ་དང་། “གྲུ་རྡོའི”ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་1ཚེས་1ཉིན་ནས་ཟླ་3ཚེས་25ཉིན་བར། བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་5.4%འཕར་བ་དེས་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་བསྡུར་གྲངས་ཀྱི་29.2%བཟུང་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་6.3%འཕར་བ་དེས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་བསྡུར་གྲངས་ཀྱི་46.5%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད།
སྒུལ་ནུས་གསར་པའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས། ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་1ཚེས་1ཉིན་ནས་ཟླ་3ཚེས་25ཉིན་བར། ལག་རྩལ་མཐོ་བའི་ཐོན་ལས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་14.6%འཕར་བའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་12.7%དང་15.8%སོ་སོར་འཕར་བ་དང་། མི་ཐབས་རིག་ནུས་དང་རྩིས་ནུས་ལྟེ་གནས་སོགས་ཀྱི་དགོས་མཁོའི་སྐུལ་ཁྲིད་འོག འདུས་གྲུབ་གློག་ལམ་ཇུས་འགོད་དང་འདུས་གྲུབ་གློག་ལམ་བཟོ་སྐྲུན་གྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་48.9%དང་40.7%སོ་སོར་འཕར་ཡོད།
ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་1ཚེས་1ཉིན་ནས་ཟླ་3ཚེས་25ཉིན་བར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་9.6%འཕར་བ་དང་། ནུས་རྒྱུ་གཙང་མའི་གློག་གཏོང་ཕྱིར་ཚོང་ཡོང་འབབ་འཕར་ཚད་ཅུང་མགྱོགས་སུ་ཕྱིན་ནས་གློག་ཤུགས་ཐོན་སྐྱེད་ཕྱིར་ཚོང་ཡོང་འབབ་ཁྲོད་བཟུང་བའི་བསྡུར་གྲངས་36.3%ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.5འཕར་ཡོད།
འབྲེལ་ཡོད་གསར་འགྱུར།