དངུལ་ཁུག་ལྗིད་ཏིག་ཏིག ངོ་གདོང་འཛུམ་ཤིག་ཤིག
—— སྟེང་ཆེན་རྫོང་གི“སྣ་མང་ཐོན་ལས”ལས་གྲོང་གསེབ་ཀྱི་གསོན་ཤུགས་གསར་པ་རྒྱས་པ།
ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ནི་རྫོང་གྲོང་དང་ས་འབྲེལ་ཡིན་པ་དང་རྒྱལ་ལམ་317དེ་ནས་བརྒྱུད་དགོས་པས་འགྲིམ་འགྲུལ་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་མཐའ་འཁྱོངས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དབྱར་རྩྭ་དགུན་འབུ་དང་སྲོལ་རྒྱུན་འབྲོག་ལས་ཁོ་ནར་བརྟེན་པའི་རྣམ་པ་ལས་སྒྲོལ་ནས། སྒྲིག་བཀོད་ཞིང་ལས་དང་། ཁྱད་ལྡན་འདེབས་གསོ། རིག་གནས་ཡུལ་སྐོར་ཞབས་ཞུ། མཉམ་སྡེབ་དཔལ་འབྱོར་བཅས་སྣ་མང་མཉམ་སྤེལ་གྱི་ཐོན་ལས་མ་ལག་བཏོད་དེ“སྒུལ་ནུས་བཞི་འཁོར་སྐྱོད་དང་ལས་རིགས་མང་པོར་བརྟེན་ནས་འབབ་འཕར་ཡོང་བའི”གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
ཞེ་གཞུང་ཤང་རིག་གནས་ཐང་ཆེན་དུ་ཉི་འོད་རབ་ཏུ་འཕྲོ་ཞིང་། ཡུལ་མི་ཚོས་ལག་ཏུ་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་འཁྱེར་ནས་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། མིག་སྔར་ཉིན་བཞིན་སྟོབས་ཆེར་འགྲོ་བའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ལོ་གསར་པར་འཕེལ་རྒྱས་ཀྱི་གདེང་ཚོད་ཆེན་པོ་བསྣན་ཡོད། 2025ལོར་ཤང་དེའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་171ལས་བརྒལ་ནས་དེ་སྔའི“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི”ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། སྔོན་ཆད་ས་མཐོའི་རི་གྲོང་ཆུང་ངུ་དེར་དུས་ཡུན་རིང་པོའི་ནང་དབྱར་རྩྭ་དགུན་འབུ་འཐུ་བ་དང་ནས་འདེབས་པའི་སྲོལ་རྒྱུན་གྱི་ཡོང་འབབ་གསོག་སྟངས་རྐྱང་པར་བརྟེན་པ་དང་། ད་ཆ“སྣ་མང་ཐོན་ལས”འཕེལ་རྒྱས་ལ་བརྟེན་ནས“སྣ་མང་འབབ་འཕར”བྱུང་སྟེ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པའི་ཐོག་ནས་ལོ་གསར་པ་བསུ་བཞིན་མཆིས།
ད་ཆའི་ཞེ་གཞུང་ཤང་དུ་གང་སར་ཐོན་ལས་དར་རྒྱས་ཀྱི་གསོན་ཤུགས་མངོན་པ་སྟེ། ཞེ་སྨད་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་ལེཌ་པ་དང་དཔྱིད་དུས་ཀྱི་ཁྲོམ་རའི་དགོས་མཁོ་དང་མཐུན་པ་དང་། སྟེང་ཆེན་རྫོང་ཞིང་ལས་ཐོན་ལས་གླིང་དུ་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་ཚ་རླབས་འཕྱུར་ནས་དགུན་དུས་ཀྱི་གྲོང་གསེབ་ལ་སྐྱེ་སྟོབས་གསར་པ་འཕེལ་བ། གསོ་ཚགས་ར་བའི་ནང་ནོར་ལུག་ཤ་ཤེད་རྒྱས་ཤིང་ལོ་རྗེས་མར་འབབ་འཕར་ཡོང་རེ་ཆེ་བ་ལ་སོགས། བཟོ་ལས་ཞབས་ཞུ་དང་། ཁྱད་ལྡན་འདེབས་གསོ། དེང་རབས་ཞིང་ལས་བཅས་ཚུད་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་དེ་དག“རང་བརྟེན་སྒུལ་ཤུགས”ཆེན་པོ་ཞིག་དང་འདྲ་བར་གྲོང་གསེབ་འཕེལ་རྒྱས་ཆེད་སྒུལ་ཤུགས་རྒྱུན་མཐུད་སྣོན་བཞིན་ཡོད།
ཞེ་སྨད་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོ་ནི་ཤང་ཡོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་གྱི“དཔེ་སྟོན་ཚད་ཤིང”ཞིག་རེད། “སྲིད་གཞུང་དང་། ཁེ་ལས། མཉམ་ལས་ཁང”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། གྲོང་ཚོས་ཆེད་ལས་ཅན་གྱི་གཉེར་སྐྱོང་ཚོགས་པ་ནང་འདྲེན་བྱས་ཏེ་ས་རྒྱུ་ལེགས་སུ་གཏོང་བ་དང་། ཞིང་ཆུ་འདྲེན་པའི་སྒྲིག་ཆས་རིམ་སྤོར་བྱེད་པ། སོན་བཟང་ནང་འདྲེན་བཅས་བྱས་ནས། སྐྱེ་ལྡན་གྱི་ཁས་ལེན་ཐོབ་པའི་ཧོང་ཀྭ་དང་པད་ཚལ་སོགས་སྔོ་ཚལ་འདེབས་གསོ་ཐུབ་པ་མ་ཟད། ཡུལ་མི་10ལྷག་ཙམ“ཁྱིམ་གྱི་སྒོ་རྩར་ལས་ཞུགས”ཐུབ་ཡོད།
ཐེན་ཅིན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག སྟེང་ཆེན་རྫོང་ཞིང་ལས་ཐོན་ལས་གླིང་ལ་བརྟེན་ནས་ཡོང་འབབ་གཏོད་པའི་ཕུགས་འདུན་མངོན་སུམ་དུ་གྱུར་ཡོད། དྲོད་ཁང་ཆེ་མོའི་འདེབས་འཛུཌ་དང་། སྒར་སྡོད་ཉམས་ལེན། ཁྱད་ལྡན་ཚོང་འདུས་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་དེས་ཡུལ་མིར་ས་ཞིང་གི་བོགས་དངུལ་ལེན་རྒྱུ་བྱུང་བ་མ་ཟད། ལས་གནས་བརྟན་པོ་མཁོ་འདོན་དང་ལོ་མཇུག་གི་བགོ་འགྲེམས་ཀྱང་བྱུང་ཡོད་པ་རེད།
ཞེ་གཞུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཀུའོ་ཀྲི་ལུའུ་ཡིས་གསར་འགོད་པར། “ང་ཚོས་བེད་མེད་དུ་ལུས་པའི་ས་ཆ་མུའུ་200གཅིག་སྡུད་ཐོག་བརྒྱུད་བཤུག་བཏང་སྟེ། ཕྱོགས་གཅིག་ནས་ཕན་ཆེའི་ཞིང་ལས་འཕེལ་རྒྱས་བཏང་བ་དང་ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་བཏོད་པར། ན་ནིང་སྒར་སྡོད་རྟེན་གཞི་ཁོ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་1ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ། དུད་ཚང་300ཡི་ཡུལ་མིར་ཐད་ཀར་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ས་ཞིང་བརྒྱུད་བཤུག་བཏང་བ་ལས་མུའུ་རེ་ནས་ལོ་རེར་འབབ་འཕར་སྒོར་1500ལྷག་ཙམ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།
ཐོན་ལས་དར་ན་མང་ཚོགས་ཕྱུག བགོ་འགྲེམས་བརྒྱབ་ནས་མི་སེམས་གཅིག་ཏུ་སྒྲིལ། 2025ལོར་ཞེ་གཞུང་ཤང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ལས་དུད་ཚང་རེའི་ཡུལ་མི་མི་རེ་ངོ་རེར་འབབ་འཕར་སྒོར་ཆིག་སྟོང་ལྷག་ཙམ་བྱུང་ཡོད། བགོ་འགྲེམས་ཕུད་སྔོ་ཚལ་དྲོད་ཁང་ཆེ་མོ་དང་ཞིང་ལས་གླིང་སོཌ་རྣམ་གྲངས་ཀྱིས་ཀྱང་ས་གནས་དེ་གའི་ལས་མི་མང་པོ་བསྡུས་པས་ཡུལ་མི“གླ་པ་རྒྱུག་པར་ཤང་ནས་ཐོན་མི་དགོས་པ་དང་ཡོང་འབབ་གསོག་པར་ཁྱིམ་ནས་བྲལ་མི་དགོས་པ”བྱུང་ཡོད།
ཁེར་རྐྱང་གི་ཐོན་ལས་ནས་ཐོན་ལས་ཚོ་འདུས་བར་དང་ཡོང་འབབ་ཉུང་ཉུང་ནས་ཁེ་སྤོགས་མཉམ་སྤྱོད་བར། ཞེ་གཞུང་ཤང་གི་ངོ་མཚར་ཆེ་བའི་འཕོ་འགྱུར་ནི་སྟེང་ཆེན་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ད་ཆའི་ཞེ་གཞུང་ཤང་གི་ཐོན་ལས་རྨང་གཞི་ཉིན་རེ་བཞིན་བརྟན་དུ་འགྲོ་བ་དང་ཡུལ་མིའི་འཚོ་བ་ཉིན་བཞིན་སྐྱིད་དུ་འགྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།