རང་ལྗོངས་ཀྱི་གཞི་ཁྱོན་ཅན་དང་གྲངས་འཛིན་ཅན་གྱི་ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་གི་ཕྱོགས་བསྡུས་སྒྲིག་གཞི་ཐོག་མ་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ།
ཉེ་ཆར། བོད་ཀྱི་གཞི་ཁྱོན་ཅན་དང་གྲངས་འཛིན་ཅན་གྱི་ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་གི་ཕྱོགས་བསྡུས་སྒྲིག་གཞི་ཐོག་མ་སྟེ། ལྷ་ས་ཁང་ཏཱ་གྲངས་འཛིན་ཅན་གྱི་ཉིས་བརྒྱུད་རླངས་འཁོར་ཁྲོམ་ར་ལྷ་སར་ཚོང་གཉེར་བྱེད་འགོ་ཚུགས་པའི་ཐོག་ནས། བོད་ཀྱི་རླངས་འཁོར་འཁོར་རྒྱུག་ལས་རིགས་ཚད་ལྡན་ཅན་དང་། གྲངས་འཛིན་ཅན། གཅིག་འཐུས་རྣམ་པའི་ཞབས་ཞུ་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཁྲོམ་ར་དེ་ཁང་ཏཱ་རླངས་འཁོར་ཚོང་དོན་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ཏེ་བསྐྲུན་པ་དང་། ས་བཟུང་རྒྱ་ཁྱོན་མུའུ་70ཟིན་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.69ཟིན་ཞིང་། དེ་ནི་མིག་སྔར་རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། སྒྲིག་བཀོད་ལེགས་ཤོས། ཞབས་ཞུ་ཆ་ཚང་ཤོས་བཅས་ཀྱི་གྲངས་འཛིན་ཅན་གྱི་ཉིས་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་ལས་སྟེགས་ཤིག་རེད། དེས་སྔོན་ཐོན་གྱི་ཚད་ལེན་ཚོད་སྐོར་དང་གཞུང་ཕྱོགས་ཀྱི་རླངས་འཁོར་གྱི་གནས་ཚུལ་འདྲི་རྩད་མ་ལག་བེད་སྤྱོད་བྱས་ཏེ། རླངས་འཁོར་གྱི་ཡོང་ཁུངས་དང་། ད་ཡོད་རྣམ་པ། གོང་ཚད་བཅས་ཁ་གསལ་གཏིང་གསལ་ཡོང་བར་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་བཏོད་པ། དྲ་ཐོག་ནས་རླངས་འཁོར་ལ་ལྟ་བ་དང་། གོང་ཚད་བསྡུར་བ། དཔྱད་ཡིག་སྐོར་སྔོན་ཚུད་ནས་འདྲི་བ་བཅས་བྱེད་ཐུབ་པ་མ་ཟད། དྲ་ཕྱི་ནས་བརྒྱུད་རིམ་ཧྲིལ་པོའི་དངོས་གཞིའི་ཞབས་ཞུ་ཡང་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།
དེ་དང་ཆབས་ཅིག ཁྲོམ་རའི་ནང་དུ་སྨི་ངོས་གྲུ་800ཡི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཀྱི་ཆེད་དོན་ཞབས་ཞུའི་ས་ཚིགས་ཡོད་པས། གཅིག་སྡུད་རྣམ་པའི་ཐོག་ནས་ཐེམ་ཐོ་སྒྱུར་བ་དང་། འཁོར་བྱང་གསར་པ་ལེན་པ། གཏའ་མ་འཇོག་པ་སོགས་ཀྱི་ལས་སྒོ་གཉེར་ཐུབ་ཀྱི་ཡོད་ལ། “ཚོད་སྐོར་དང་། འཁོར་འདེམས། ཉོ་ཚོང་། ཐེམ་སྒྱུར། འཁོར་བྱང་སྒར་བ”བཅས་ཀྱི་ཞབས་ཞུའི་མ་ལག་ཅིག་ཀྱང་གྲུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་འཛུགས་སྐྲུན་དུས་ཡུན་ཟླ་བ་18ཟིན་པ་དང་། སྔོན་དཔག་བྱས་ན་ལོ་རེར་ཉིས་བརྒྱུད་རླངས་འཁོར་ཁྲི་1ཡན་ཉོ་ཚོང་ཐུབ་པ། ཉོ་ཚོང་ཡོང་འབབ་སྒོར་དུང་ཕྱུར་ཁ་ཤས་ཟིན་ནས། ལས་གནས་སྟོང་ཕྲག་ཁ་ཤས་མཁོ་འདོན་ཐུབ་རྒྱུ་ཡིན་ལ། ཐོན་ལས་སྔ་མ་དང་ཕྱི་མའི་མཉམ་སྒྲུབ་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།