དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མདོ་ལ་རྫོང་གིས་ཞིང་ལས་དུས་སྐབས་དམ་འཛིན་བྱས་ཏེ་དཔྱིད་རྨོད་རྨོད་གྲབས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་ས་གནས་ཁག་གི་དྲོད་ཚད་འཕར་བ་དང་བསྟུན་ནས། ཞིང་དང་མུ་ཁར་དུས་ཚོད་དམ་འཛིན་གྱིས་རྨོ་འདེབས་ལ་བྲེལ་བའི་རྣམ་པ་ཞིག་མངོན། མདོ་ལ་རྫོང་གིས“སྔ་ཙམ”ནས་བཀོད་སྒྲིག་དང་དོན་འཁྱོལ“ཏན་ཏིག”བྱེད་པར་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱིས་རམ་འདེགས་བྱེད་པ་དང་། ཞིང་ལས་རྒྱུ་ཆས་འགན་སྲུང་བྱེད་པ། ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་བཅས་ལ་བརྟེན་ནས་དཔྱིད་རྨོད་རྨོད་གྲབས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོའི་ཞིང་འབྲོག་ལས་ལ་ཐོན་འབབ་བཟང་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    ས་མཐོའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ནས་མདོ་ལ་རྫོང་གིས་དཔྱིད་རྨོད་ལས་དོན་གྱི་ཇུས་གཞི་སྔ་སྣུར་དུ་བཟོས་ཏེ། འབྲུ་རིགས་འདེབས་འཛུགས་ཀྱི་ལས་འགན་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་དང་ཚོགས་ཆུང་ལ་བགོས་ཏེ“རྫོང་རིམ་པས་སྤྱི་འདོམས་བྱེད་པ་དང་། ཤང་དང་གྲོང་རྡལ་གྱིས་དམ་འཛིན་གཙོ་བོ་བྱེད་པ། གྲོང་ཚོ་དང་མཉམ་ལས་ཁང་གིས་དོན་འཁྱོལ་བྱེད་པ”བཅས་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ཡོད། “ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་སྐྱོད་པའི”བྱེད་སྒོར་བརྟེན་ནས་ཚན་རྩལ་ཞབས་ཞུ་རུ་ཁག་གིས་ཞིང་དང་མུ་ཁར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་ལག་རྩལ་མཛུབ་ཁྲིད་བྱས་པ་དང་ཞིང་དུད་ལ་རགས་ལས་འདེབས་འཛུགས་དོར་བར་ཁྲིད་སྟོན་བྱས་ནས་ཚན་རིག་དང་མཐུན་པའི་ལྗང་མདོག་འདེབས་འཛུགས་ཀྱི་འདུ་ཤེས་ཁྱབ་གདལ་བཏང་ཡོད།

    དེ་དང་ཆབས་ཅིག“སྲིད་གཞུང་གིས་གྲབས་གསོག་དང་ཁྲོམ་རའི་མཁོ་སྤྲོད་ཟུང་འབྲེལ” གྱི་མ་ལག་གཉིས་བཏོད་ཅིང་། མིག་སྔར་རྫས་ལུད་དང་། ནས་ཀྱི་སོན་བཟང་། པད་ཁའི་སོན་བཟང་སོགས་འགག་རྩའི་ཞིང་ལས་རྒྱུ་ཆ་གྲབས་གསོག་ཚགས་ཚུད་བྱས་ནས་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་ཡོད། སྡེ་ཚན་མང་པོ་དང་མཉམ་དུ་ཞིང་ལས་རྒྱུ་ཆའི་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་ཏེ་རྫུན་ལྷད་ཞན་གསུམ་དང་ཟོག་གོང་ཧམ་སྤར་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་ཞིང་དུད་ལ“བློ་བདེ་པོས་ཞིང་ལས་རྒྱུ་ཆ”སྤྱོད་ཐུབ་པར་བྱས་ཡོད།

    ས་མཐོའི་ཐོན་སྐྱེད་ཀྱི་དགོས་མཁོར་དམིགས་ནས་ཞིང་ལས་ལག་རྩལ་དང་བླངས་ཞབས་ཞུ་རུ་ཁག་གིས་ས་ཆ་དངོས་སུ་སློབ་ཁྲིད་དང་དུད་ཚང་དུ་བསྐྱོད་ནས་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ས་དཔྱད་ལུད་སྦྱོར་དང་གནོད་འབུ་འགོག་བཅོས་སོགས་གོ་ཆོད་ལག་རྩལ་བསླབས་ཡོད། ཞིང་འཕྲུལ་ཉམས་བཟོ་ཚོད་སྒྲིག་དང་བདེ་འཇགས་གསོ་སྦྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། གཞན་ཡང། ཞིང་ཕན་ཁ་གསབ་དོན་འཁྱོལ་གནད་སྨིན་བྱེད་པ་དང་། དཔྱིད་རྨོད་ཀྱི་ཆེད་དོན་དངུལ་བུན་གཏོང་བ། ཞིང་ལས་འགན་བཅོལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ཞིང་དུད་ཀྱི་མ་དངུལ་གྱི་དཀའ་གནད་དང་གནོད་འཚེའི་ཉེན་ཁ་བསལ་ཏེ་ཞིང་དུད་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཧུར་སེམས་ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།