མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱིས།
གྲོང་ཚོའི་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་ཁེ་སྤོགས་མ་རྩར་བྱས་ནས་ཐོན་ལས་ཁྱུ་ཚོགས་བཙུགས་ཏེ་གྲོང་མིར་འབབ་འཕར་ཡོང་རོགས་བྱས་པ།
“ལན་ཧུའུ་གྲོང་ཚོར་ཁྱོན་སྒོར་ཁྲི་130རག་འདུག” ཅེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་གྱི་2025ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་འཚོག་ཡུལ་དུ་ལན་ཧུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་པིན་གྱིས་བགོ་འགྲེམས་དངུལ་བླངས་རྗེས་དེ་ལྟར་བཤད།
2025ལོར་ཁོ་ལུའུ་ཁོ་གྲོང་རྡལ་གྱི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་ཡོང་འབབ་སྒོར་ཁྲི་སྟོང་ལས་ཐོག་མར་བརྒལ་བ་དང་། ཡོང་འབབ་དེ་དག་ཚང་མ་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་12ལ་བགོ་བཤའ་བརྒྱབ་པ་རེད། “ལོ་འདི་དག་ནང་གྲོང་རྡལ་དང་མཉམ་དུ་མཉམ་སྡེབ་དཔལ་འབྱོར་གཉེར་བ་ཡིན། ཐོག་མར་ཐེ་ཚོམ་དང་བསམ་གཞིག་ཁོ་ནའི་ཀློང་དུ་ཚུད་པ་ནས་ད་ཆ་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་བྱུང་བའི་བར་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་གསར་པ་མངོན་ཡོད”ཅེས་ལིའུ་པིན་གྱིས་བཤད།
ཡུན་རིང་སྲོལ་རྒྱུན་གྱི་འདེབས་འཛུགས་གསོ་སྤེལ་ཐོན་ལས་གཙོ་བོ་བྱེད་པའི་གྲོང་རྡལ་ཆུང་ངུ་ཞིག་ལ་ཁེ་སྤོགས་སྒོར་ཁྲི་སྟོང་ལྷག་ཙམ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། “ཡོང་འབབ་དེ་དག་གཙོ་བོ་གྲོང་ཚོ་ཁག་གི་མཉམ་སྡེབ་ཐོན་ལས་གཉེར་སྐྱོང་བྱས་པ་དང་དེ་བཞིན་གྲོང་རྡལ་གྱི་བྱེ་རྡོ་བཟོ་གྲྭ་ནས་བྱུང་བ་རེད”ཅེས་གཏེར་ལེན་ཁ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁོ་ལུའུ་ཁོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཆི་རུའེ་ཤིན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“འདི་ནི་ཁོ་ལུའུ་ཁོ་གྲོང་རྡལ་གྱིས་ལག་ལེན་བསྟར་བའི་མ་དངུལ་སྤྱི་འདོམས་བྱེད་སྟངས་གསར་པ་ལས་རྙེད་པའི་ཐབས་མཆོག་ཅིག་རེད”ཅེས་བཤད།
སྔོན་ཆད་ཁོ་ལུའུ་ཁོ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ12ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁ་ཐོར་ངང་བེད་སྤྱོད་བཏང་བས། གཞི་ཁྱོན་ཆེ་བའི་ནུས་ཕྱོད་ཐོན་དཀའ་བ་མ་ཟད། “མ་དངུལ་ཡོད་ཀྱང་རྣམ་གྲངས་མེད་པ་དང་རྣམ་གྲངས་ཡོད་ཀྱང་མ་དངུལ་མེད་པའི”དཀའ་ངལ་ཡང་སེ་འཕྲད་ཀྱི་ཡོད། གནད་དོན་དེར་དམིགས་ནས་ཁོ་ལུའུ་ཁོ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོ་ཁག་ལ་བྱུང་བའི་ཡོང་འབབ་དག་གྲོང་རྡལ་ཁོངས་གཏོཌ་ཀྱི་ཁེ་ལས་གཏེར་ལེན་ཁ་ཁོ་ནུང་རེན་ཞིང་འབྲོག་གསར་སྤེལ་ཚད་ཡོད་ཀུང་སིར་གཅིག་སྡུད་ཐོག་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། གཅིག་གྱུར་དོ་དམ་དང་སླར་ཡང་མ་འཇོག་བྱེད་དུ་བཅུག་ཡོད། “ཀུང་སི་དེའི་ལས་སྒོ་གཙོ་བོ་ནི་བྱེ་རྡོ་བཟོ་གྲྭ་དང་ཞིང་འཕྲུལ་ཞབས་ཞུའི་རུ་ཁག་གཉེར་ཏེ། གྲོང་ཚོ་ཁག་གི་གཅིག་སྡུད་མ་དངུལ་ལ་བརྟེན་ནས་དེ་བས་སྤུས་ལེགས་ཀྱི་རྣམ་གྲངས་སྦྲེལ་མཐུད་དང་། དེ་བས་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན། དེ་བས་རྒྱ་ཆེ་བའི་ཁྲོམ་ར་རྒྱ་སྐྱེད་བྱ་རྒྱུ་དེ་རེད” ཅེས་ཆི་རུའེ་ཤིན་གྱིས་བཤད།
མ་དངུལ་བཏང་འཕྲལ་ཕན་འབྲས་མངོན་གསལ་ཐོན་ཞིང་། “2025ལོར་ཀུང་སི་དེའི་ཁོངས་གཏོགས་བྱེ་རྡོ་བཟོ་གྲྭར་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་700དང་། ཞིང་འཕྲུལ་ཞབས་ཞུའི་རུ་ཁག་ལ་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་25བྱུང་ཡོད། གཞན་ཡང་ཀུང་སིས་ད་དུང་ངལ་ནུས་ཕྱིར་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་པས། ཁེ་སྤོགས་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་རག་ཡོད། ཁེ་སྤོགས་དེ་དག་གྲོང་ཚོ་ཁག་གི་མ་འཇོག་མ་རྐང་གི་བསྡུར་གྲངས་གཞིར་བཟུང་བགོ་བཤའ་བརྒྱབ་ཡོད”ཅེས་ཁོ་ནུང་རེན་ཀུང་སིའི་འགན་འཁུར་བ་ཝང་ཡུས་ཡུན་གྱིས་བཤད།
གཏེར་ལེན་ཁ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་མང་པོ་ཞིག་ཏུ་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེར་འགྲོ་བཞིན་ཡོད། མིག་སྔའི་བར་གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་3327ལྷག་ཙམ་ཟིན་ནས་50%ཡན་གྱི་སྲིད་འཛིན་གྲོང་ཚོའི་མཉམ་སྡེབ་ཀྱི་ལོའི་ཡོང་འབབ་ལས་བརྒལ་ཏེ་སྒོར་ཁྲི་50ཡན་ཟིན་ཡོད་པ་རེད།
མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་པ་དེས་ཞིང་འབྲོག་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
2025ལོར། ཤུས་ཅི་ཤང་ཀུང་ཨའེ་ལི་ཀོ་གྲོང་ཚོས་ཞིང་འབྲོག་པ་ཡོངས་ལ་དངུལ་སྨར་བགོ་འགྲེམས་ཐོག་མ་བརྒྱབ་ཅིང་། ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི་38ལྷག་ཙམ་བགོ་འགྲེམས་བརྒྱབ་པ་དེས་གྲོང་ཚོ་དེའི་དུད་ཚང་110ཡི་མི་275ལ་ཕན་པ་ཐོབ་ཡོད། “ཀུང་ཨའེ་ལི་ཀོ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པས་མཉམ་སྡེབ་དཔལ་འབྱོར་གྱི་རྨང་གཞི་ཞན་པོ་ཡོད། ཕྱིས་སུ་འོད་ཤུགས་གློག་གཏོང་དང་། འབྲི་གཡག་གསོ་ཚགས། ཡུལ་ལུག་ཚད་ལྡན་གསོ་ཚགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་ནས་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད”ཅེས་ཀུང་ཨའེ་ལི་ཀོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧའེ་ཤིང་གིས་བཤད་པ་དང་། ཁོང་གིས“ཁེ་སྤོགས་བགོ་འགྲེམས་ཀྱི་ཇུས་གཞིར་གཞིགས་ན། དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་3800རག་པ་དང་དུད་ཚང་གཅིག་ལ་མང་ཤོས་སུ་སྒོར་8000ལྷག་ཙམ་རག་གི་ཡོད”ཅེས་བཤད།
དངུལ་སྨར་བགོ་འགྲེམས་བརྒྱབ་པ་ཕུད། ཀུང་ཨའེ་ལི་ཀོ་གྲོང་ཚོས་ད་དུང་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་ལོ་ལྔ་བསྟུད་མར་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་སྟེ། ཞིང་འབྲོག་པ་ཡོངས་ལ་སྨན་བཅོས་འགན་བཅོལ་དངུལ་གྲངས་ཚང་འཇལ་ཡོད། “2021ལོ་ནས་བཟུང་སྨན་བཅོས་འགན་བཅོལ་དངུལ་ཚང་མ་གྲོང་ཚོ་ནས་འཇལ་གྱི་ཡོད་པས་ང་ཚོའི་སྨན་བཅོས་ཀྱི་ཁུར་པོ་ཧ་ཅང་ཡང་དུ་ཕྱིན་སོང”ཞེས་ཀུང་ཨའེ་ལི་ཀོ་གྲོང་ཚོའི་འབྲོག་པ་ཝུའུ་ལི་ཀན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།