དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་བཞི་པར་གྲོས་མོལ་གྲུབ་འབྲས་མང་པོ་ཐོབ་ལ་ཀྲུང་གོ་ཕྱོགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་ཀྱང་ཐོབ་པ།

    ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་ཚོང་དོན་གྱི་ཁེ་ཕན་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁེན་རན། ཀྲེང་ཞང་།   |     སྤེལ་དུས།  2026-04-03

    ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་26ནས་ཚེས་30ཉིན་བར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་བཞི་པ་ཁ་མེ་རོང་གི་རྒྱལ་ས་ཡ་ཝུན་ཏེ་རུ་འཚོགས་ཤིང་། ཕྱོགས་ཁག་གི་འཐུས་མི་ཚོས་གྲོས་མོལ་ཞིབ་ཚགས་བྱས་པ་བརྒྱུད། ཚོགས་འདུར་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་པ་དེ་ཐོག་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་མཉེན་གཤིས་མངོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་བཅངས་པའི་གདེང་ཚོད་སླར་གསོ་ཐུབ་ཡོད། ཚོགས་འདུའི་རིང་། ཀྲུང་གོའི་འཐུས་མི་ཚོགས་པས་བརྒྱུད་རིམ་ཧྲིལ་པོའི་གྲོས་དོན་གྱི་གྲོས་བསྡུར་ཁག་ནང་ཞུགས་ནས་འབྲེལ་ཡོད་ཁོངས་མིའི་ལངས་ཕྱོགས་མཐུན་སྦྱོར་ཧུར་ཐག་གིས་མི་མཐུན་པའི་ཆ་སེལ་གང་ཐུབ་བྱས་ནས་ཚོཌ་འདུར་གྲུབ་འབྲས་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚོགས་ཞུགས་ཕྱོགས་ཁག་གི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་མང་ཚོང་དོན་གྱི་ཕན་པ་ཐོབ་པར་བྱས་པ།

    མིག་སྔར། ས་འབྲེལ་གྱི་གདོང་གཏུག་དང་ཚོང་དོན་གྱི་འཁོན་ཐོགས་སོགས་རྒྱུ་རྐྱེན་ཉིས་བརྩེགས་དབང་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྡབ་རྡེག་ཚབས་ཆེན་ཕོག་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝུའེ་ལཱ་ཡིས་ཤིས་ཚིག་ནང“གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་གིས་ལོ་80རིང་གི་ཚབས་ཆེ་ཤོས་ཀྱི་ཡོ་ལང་བརྒྱུད་བཞིན་ཡོད། ཡོ་ལང་དང་གཏན་འཁེལ་མེད་པའི་དུས་སུ་ཚོགས་འདུ་འཚོགས་པ་ནི་དུས་ཐོག་ཆར་པ་ཞིག་རང་རེད”ཅེས་བརྗོད་ཅིང་། ཁོང་གིས་ཚོགས་ཞུགས་འཐུས་མི་ཚོས་བཅོས་སྐྱོང་དང་། འཕེལ་རྒྱས། གཞུང་དྲང་འགྲན་རྩོད་སོགས་ཀྱི་གནད་དོན་ལ་མཉམ་དུ་གྲོས་བསྡུར་བྱས་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་བཀོད་པ་གསར་པ་དང་དེ་བས་ལེགས་པའི་སྒོ་ནས་འཚམ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་ཡོད།

    དེ་ནི་2015ལོར་ཁེན་ནི་ཡའི་ནེ་རོ་པིར་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པ་འཚོགས་རྗེས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁར་འཚོགས་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་གཉིས་པ་དེ་རེད། ཚོགས་འདུའི་གྲོས་རིམ་བཀོད་སྒྲིག་ཐད་འཕེལ་རྒྱས་ལ་ཕྱོགས་སྟོན་བྱེད་ནུས་དང་ཨ་ཧྥེ་རི་ཁའི་ཁྱད་ཆོས་ཆེན་པོ་ལྡན་ཡོད། ཚོགས་འདུའི་ཐོག་གྱོན་ཆས་ཐོན་ལས་འཁོར་འབྲེལ་གྱི་འབྲེལ་ཡོད་གྲོས་དོན་བཀོད་སྒྲིག་བྱས་ནས། ཨ་ཧྥེ་རི་ཁ་དབུས་མ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་སྲིང་བལ་ས་གནས་དེ་གའི་འཁལ་འཐག་དང་གྱོན་བཟོའི་ལྷུ་ཚིགས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་རྒྱུར་དམིགས་པས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ལས་ཞུགས་ཀྱི་ལས་གནས་གཏོད་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།

    སྐབས་འདིའི་ཚོགས་འདུའི་ཀྲུའུ་ཞི་དང་ཁ་མེ་རོང་ཚོང་དོན་པུའི་པུའུ་ཀྲང་ཨ་ཐན་ཀཱ་ནཱ་ཡིས་ཚོགས་འདུའི་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕྱོགས་མང་ཚོང་དོན་གྱི་ཕན་པ་གང་ལེགས་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    སྐབས་འདིའི་ཚོགས་འདུའི་ཐོག《འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་འཇོག་སྟབས་བདེ་ཅན་གྱི་ཆོད་ཡིག》གི་པུའུ་ཀྲང་གི་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཕྱོགས་མང་མ་འཇོག་ཆོད་ཡིག་ཐོག་མ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གོམ་སྟབས་གལ་ཆེན་སྤོས་པ་མཚོན་ཡོད། 《དྲ་ཐོག་ཚོང་དོན་གྱི་ཆོད་ཡིག》གི་གནས་སྐབས་ལག་བསྟར་བཀོད་སྒྲིག་ལ་གྲོས་མཐུན་བྱུང་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། ཉ་ལས་ཀྱི་ཁ་གསབ་དང་། དཔལ་འབྱོར་དངོས་ཚན་ཆུང་གྲས། ཞིབ་བཤེར་རིམས་བཤེར། ལག་རྩལ་གྱི་ཁྲིམས་སྲོལ་བྱེད་ཐབས་དམིགས་བསལ་དང་ཁྱད་པར་ཐོབ་ཐང་སོགས་ཀྱི་གྲོས་དོན་ཁག་སོ་སོར་པུའུ་ཀྲང་གི་གཏན་འབེབས་ལག་བསྟར་བྱས་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

    ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་བྱ་ཆེད་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

    ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་མ་ཟད། སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུར་གྲུབ་འབྲས་དངོས་ཐོབ་རྒྱུར་ཡང་སྐུལ་འདེད་ཧུར་ཐག་བཏང་སྟེ། ཕྱོགས་མང་ཚོང་དོན་གྱི་སྒྲིག་གཞི་སྲུང་སྐྱོང་བྱ་ཆེད་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། འདས་ཟིན་པའི་དུས་སྐབས་ཤིག་རིང་། ཀྲུང་གོ་ཕྱོགས་ཀྱིས《འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་འཇོག་སྟབས་བདེ་ཅན་གྱི་ཆོད་ཡིག》གི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིས་མ་འཇོག་གི་སྲིད་ཇུས་རྟོགས་ཚད་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། དྲ་ཐོག་ཚོང་དོན་དང་གྲངས་འཛིན་ཚོང་དོན་སོགས་ཀྱི་གྲོས་དོན་ལ་གྲོས་བསྡུར་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད།

    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མི་ཆེ་ཤོས་ཡིན་པའི་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དར་རྒྱས་འགྲོ་འགོར་བའི་རྒྱལ་ཁབ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད། ཚོགས་འདུའི་རིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས“ཀྲུང་གོའི་རྣམ་གྲངས”ཀྱི་གྲལ་སྒོར་གྲོས་ཚོགས་སྐབས་བཅུ་བཞི་པ་འཚོགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རམ་འདེགས་བྱེད་པའི་ཀྲུང་གོའི་མ་འཇོག”གི་རིམ་མཐོའི་ཚོགས་འདུ་འཚོགས་ཏེ་ནུས་པ་འཛུགས་སྐྱོང་དང་། མ་འཇོག་མཉམ་ལས། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ། ལྷོ་ལྷོ་མཉམ་ལས་དང་ཕྱོགས་མང་མཉམ་ལས་ཕན་ཚུན་ཟུང་འབྲེལ་གྱི་ལས་སྟེགས་གལ་ཆེན་བཏོད་ཡོད། དབྱི་ཝུའེ་ལཱ་ཡིས“ཀྲུང་གོའི་རྣམ་གྲངས”ཀྱིས་མུ་མཐུད་ལག་རྩལ་རོགས་སྐྱོར་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་འབྲེལ་ཡོད་ཁོངས་མི་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་འབྲེལ་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་རྒྱུར་རོགས་རམ་བྱས་ཡོད།

    མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་པ།

    ཚོགས་ཞུགས་འཐུས་མི་ཚོས་ས་འབྲེལ་གྱི་གདོང་གཏུག་ཇེ་སྡུག་ཏུ་འགྲོ་བ་དང་ཕྱོགས་རྐྱང་རིང་ལུགས་ཐོན་པའི་གནས་ཚུལ་འོག་སྐབས་འདིའི་ཚོགས་འདུས་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་རིན་ཐང་དང་མཉེན་གཤིས་མངོན་པའི་ངོས་འཛིན་བྱས་ཡོད། ཚོགས་འདུར་གྲུབ་འབྲས་ཁག་གཅིག་ཐོབ་པ་མ་ཟད། ཐག་གཅོད་མ་བྱུང་བའི་གྲོས་དོན་ལ་གྲོས་མོལ་བྱེད་པའི་བཀོད་སྒྲིག་ཁ་གསལ་བཟོས་པ་དེ་ཐོག་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་འཕེལ་རྒྱས་སྔོན་འཇོག་མཐའ་འཁྱོངས་བྱེད་པའི་ཆོད་སེམས་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པའི་འགན་འཁྲི་མངོན་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་ཁོངས་མི་གཞན་དག་དང་མཉམ་དུ་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ཏེ་ཐག་གཅོད་མ་བྱུང་བའི་གྲོས་དོན་གྲོས་མོལ་བྱ་རྒྱུར་ཧུར་ཐག་ཞུཌ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་ཁྲོད་ཀྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

    “ཨ་ཧྥེ་རི་ཁའི་འཕེལ་རྒྱས་འཕེལ་རིམ་ཁྲོད་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་མཉམ་ལས། ཁྲོམ་ར་སྒོ་དབྱེ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད” ནི་ཀྲེ་རི་ཡའི་བཟོ་ལས་དང་། ཚོང་དོན། མ་འཇོག་བཅས་པུའི་པུའུ་ཀྲང་ཨའོ་ཏུའུ་ཝོ་ལའེ་ཡིས་གོ་ལ་ཧྲིལ་པོའི་ཚོང་དོན་བཀོད་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བར་ཕྱོགས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་བཟོ་སྐྲུན་ལས་རིགས་དང་། གྲངས་འཛིན་དཔལ་འབྱོར། གསར་དར་ཐོན་ལས་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་མ་ལག་མཉམ་དུ་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འདེཌ་སྐྱོར་བརྟན་པོ་བྱེད་དགོས་ཞེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་ཡ་ཝུན་ཏེ་ནས་ཟླ་3ཚེས་31ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།