མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།
ལྷ་ས་གྲོང་ཁྱེར་གྱིས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2026ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་ཆུ་ཤུར་རྫོང་དུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་འཛུགས་པ་གོ་སྐབས་སུ་བྱས་ཏེ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལྗང་མདོག་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་ཆེད་རེད།
བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི“གཤམ་སྤེལ་གསུམ”གྱི་ཁོངས་མིའི་ཚན་པའི་ལས་དོན་པ་དང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་འཕེལ་རྒྱས་སྐོར་གླེང་བ་དང་དམངས་ཕན་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།
བྱེད་སྒོ་དེ་འཁྲུག་ཆ་དོད་པའི་སྲོལ་རྒྱུན་ལྷ་མོ《བཀྲ་ཤིས་ཞོལ་པ》ནས་འགོ་ཚུགས་པ་དང་དེ་རྗེས་ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་བྱེད་རིང་ཞིང་ལས་ཚན་རྩལ་དང་། བདེ་ཐང་རྒྱུན་ཤེས། རིག་གནས་སྲིད་ཇུས་སོགས་དང་འབྲེལ་བ་ཡོད་པའི་སྤྲོ་སྣང་ལྡན་པའི་ཤེས་བྱའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ནང་མང་ཚོགས་ཧུར་ཐག་ཞུགས་པ་དང་སྤེལ་རེས་ཧུར་ཐག་བྱས་ཏེ། སྣང་བ་སྐྱིད་པའི་རྣམ་པའི་ཁྲོད་ནས་ཤེས་བྱ་སྦྱོང་ཐུབ་པ་དང་ལག་རྟགས་རག་ནས་ས་གནས་ས་ཐོག་ཏུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། དེའི་ནང་ཞུགས་མཁན་ཚན་པ་ཁག་གིས་བློ་འདྲིའི་ཞབས་ཞུའི་ལས་སྟེགས་བཙུགས་པ་དང་། ལས་དོན་པས་ངོ་ཐུག་གདོང་འཕྲད་ངང་མང་ཚོགས་ཀྱི་དོགས་གཞི་བསལ་བ། ལག་རྩལ་དམར་ཁྲིད་བྱས་ཏེ་སྤྱོད་གོ་ཆོད་པའི་ཐོན་སྐྱེད་ལག་རྩལ་དང་། ཀུན་ལ་ཕན་པའི་བདེ་ཐང་ཤེས་བྱ། སྤུས་ལེགས་ཀྱི་རིག་གནས་ཐོན་རྫས། དེ་བཞིན་ཕུན་སུམ་ཚོགས་པའི་དམངས་ཕན་ལག་རྟགས་བཅས་མང་ཚོགས་ལ་ཐད་ཀར་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།