དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕེལ་རྒྱས་ཀྱི་དགོས་མཁོར་དམིགས། ཞབས་ཞུ་ཡི་བྱ་ཐབས་གསར།

    ——གཞིས་རྩེའི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁེ་ལས་ལ་ཡིད་རྟོན་གཉེར་སྐྱོང་དང་ཚད་ལྡན་འཕེལ་རྒྱས་གཏོང་རོགས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། ཁེ་ལས་ཀྱི་འཕེལ་རྒྱས་དགོས་མཁོ་དང་དམངས་འཚོའི་འགན་སྲུང་གི་གཙོ་གནད་དང་། “ཡིད་རྟོན་ཁྲིད་སྟོན་དང་། ཉེན་ཁ་ཞིབ་བཤེར། སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱོར་བ”བཅས་ལ་དམིགས་ནས་ནུས་ཤུགས་མཉམ་དུ་བཏོན་ཏེ། བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ལུགས་མཐུན་གཉེར་སྐྱོང་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། གཉེར་སྐྱོང་བྱེད་པོ་དང་དམངས་འཚོའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    “ཡིད་རྟོན་དྲ་བ”སྔར་བས་ཚགས་ཚུད་དུ་བཏང་བ།

    ཁྲལ་འཇལ་ཡིད་རྟོན་ནི་ཁེ་ལས་ཀྱི“གསེར་གྱི་མིང་བྱང”ལྟ་བུ་ཡིན། ལས་གྲྭ་འཆར་འགོད་ཞབས་ཞུ་བྱེད་མཁན་གྱི་ཁེ་ལས་ཤིག་ཡིན་པའི་བོད་ལྗོངས་བག་ཆགས་དངོས་ལས་ཚད་ཡོད་ཀུང་སི་ས་སྐྱ་ཡན་ལག་ཀུང་སི་བཙུགས་པ་ནས་བཟུང་ཡིད་རྟོན་ཁྲལ་འཇལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཁྲལ་འཇལ་ཡིད་རྟོན་ལེགས་པོར་བརྟེན་ནས་ཁྲོམ་རའི་འགྲན་རྩོད་ཁྲོད་འཕེལ་རྒྱས་བརྟན་པོ་འགྲོ་བཞིན་ཡོད་པ་རེད།

    ཡིད་རྟོན་ཁྲལ་འཇལ་ནི་ཁེ་ལས་རང་ཚུགས་ཐུབ་པའི་རྨང་གཞི་ཙམ་མ་ཡིན་པར། དེས་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར། ཁེ་ལས་དེས་གན་རྒྱ་བཞག་པའི་དངུལ་འབོར་འཕར་ཚད་146.75%ཟིན་ནས། ཡིད་རྟོན་ཁེ་སྤོགས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ནུས་ལྡན་བསྒྱུར་ཡོད།

    ཁེ་ལས་ཀྱིས“ཡིད་རྟོན་རྒྱུ་ནོར”ཡག་པོ་སྲུང་བ་དང་ཡག་པོ་སྤྱོད་ཐུབ་ཆེད། རྒྱལ་ཁབ་ཁྲལ་དོན་ཅུས་ས་སྐྱ་རྫོང་ཁྲལ་དོན་ཅུས་ཀྱིས་གསོག་འབོར་བརྟན་གཏོང་དང་འཕར་འབོར་མཐོར་གཏོང་ཟུང་འབྲེལ་གྱི་ལས་དོན་ལམ་སྲོལ་བཏོད་དེ། ཁེ་ལས་ཀྱིས་ཁྲལ་འཇལ་ཞུ་འབུལ་དང་ནོར་དོན་རེའུ་མིག་གི་བརྒྱུད་རིམ་ཧྲིལ་པོའི་ཞིབ་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགུལ་རྣམ་གྱི་ཉེན་ཁ་དབྱེ་འབྱེད་ལམ་སྲོལ་བཙུགས་ཏེ་མངོན་མེད་ཀྱི་ཡིད་རྟོན་ཉེན་ཁ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་དྲན་སྐུལ། སྔ་ཙམ་ཁྲིད་སྟོན་བཅས་བྱས་ནས། ཁེ་ལས་ཀྱིས་དུས་ཐོག་ཏུ་དག་ཐེར་བྱེད་པར་སྐུལ་འདེད་བཏང་བ་རེད།

    “ཉེན་འགོག་འཛིང་རགས”སྔར་བས་བརྟན་དུ་བཏང་བ།

    གནད་སྨིན་ངང་དཔྱ་ཁྲལ་དང་འབྲེལ་བའི་ཉེན་ཁ་འགོག་ཟོན་བྱེད་པ་ནི་ཁེ་ལས་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཁྲལ་དོན་ཅུས་གམ་པ་རྫོང་ཁྲལ་དོན་ཅུས་ཀྱིས་ཉེན་ཁ་སྔོན་འགོག་དང་ཞབས་ཞུ་ལེགས་གཏོང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རྒྱུན་རྣམ་ངང“དཔྱ་ཁྲལ་གྱི་བདེ་ཐང་བརྟག་དཔྱད”བྱས་ནས། གནད་སྨིན་ཞབས་ཞུར་བརྟེན་ཏེ་ཁེ་ལས་ལ་ཉེན་ཁ་གྲལ་བཤེར་དང་ཞིབ་རྩིས་ཚད་ལྡན་ཡོང་རོགས་བྱས་པས། ལུགས་མཐུན་གཉེར་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་ཡོད་པ་རེད།

    “དེ་སྔོན་ང་ཚོས་2025ལོའི་དུས་ཚིགས་བཞི་པའི་གནས་ཐང་འཕར་ཁྲལ་ཞུ་འབུལ་བྱེད་སྐབས། གཤིབ་བསྡུར་གྲངས་གཞི་ནམ་རྒྱུན་དང་མི་འདྲ་བས་མ་ལག་གིས་སྔོན་ཚུད་ཉེན་བརྡ་བཏང་ནས། ཞག་སྡོད་བྱེད་མཁན་གྱི་མགྲོན་པོར་བཙོངས་འཛིན་སྤྲོད་མ་ཐུབ་པས། ང་ཚོར་དངངས་སྐྲག་ཆེན་པོ་སྐྱེས་བྱུང་། སྐབས་དེར་ཁྲལ་དོན་མི་སྣས་འཕྲལ་དུ་ང་ཚོར་འབྲེལ་བ་བྱས་ནས་གནད་དོན་ཐག་གཅོད་བྱས་བྱུང”ཞེས་བོད་ལྗོངས་ལེ་རུའེ་དངོས་ལས་ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བ་སྐུ་ཞབས་ཝང་ལགས་ཀྱིས་དྲན་གསོ་བྱེད་ཀྱིན་བརྗོད།

    “ཕྱུག་འགྱུར་ལམ་བུ”སྔར་བས་ཡངས་སུ་བཏང་བ།

    ཡུལ་གཞན་དུ་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ། ཐོན་ལས་དར་རྒྱས་གཏོང་བ་ནི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོར་འཕར་བའི་འགག་རྩར་གྱུར་ཡོད། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁང་དམར་གྲོང་རྡལ་བདེ་སྐྱིད་གླིང་གྲོང་ཚོ་དེ་ཉིད་ཡུལ་གཞན་དུ་གནས་སྤོ་བཀོད་སྒྲིག་བྱ་ཡུལ་ཡིན་པའི་ངོས་ནས། 2018ལོར་གནས་སྤོས་རྗེས། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་3300ལྷག་ཙམ་ཡོད་པའི་དྲོད་ཁང་ཆེན་པོ་4བསྐྲུན་པ་དང་སྦྲགས། ཁང་དམར་རྫོང་བདེ་སྐྱིད་གླིང་གྲོང་ཚོའི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་པར་ལོ་རེར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ནས་གནས་སྤོས་དུད་ཚང་89ལ་འབབ་འཕར་བརྟན་པོ་ཡོང་བའི་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ། ཁེ་ལས་དོ་དམ་དང་ནོར་དོན་ལས་ཀའི་ཉམས་མྱོང་མེད་པའི་དབང་གིས་སྐབས་ཤིག་རིང་གཉེར་སྐྱོང་བྱེད་དཀའ་བར་གྱུར་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁང་དམར་རྫོང་ཁྲལ་དོན་ཅུས་ཀྱིས་རང་འགུལ་སྦྲེལ་མཐུད་དང་ཇུས་འདོན་གནད་སྨིན་བྱས་ནས་མཉམ་ལས་ཁང་དེ་ཉིད་ཞབས་འདེགས་ཞུ་ཡུལ་གཙོ་བོའི་གྲས་སུ་བཅུག་ཐོག་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་བསྐྱོད་ནས་ཟུར་ཁྲིད་བྱས་ཏེ། ཞིང་དུད་ཁག་ལ་གཉེར་སྐྱོང་བསམ་ཕྱོགས་གསལ་བཟོ་དང་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་རོགས་བྱས་ཏེ། འབེན་གཏད་ཞབས་ཞུར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་བསལ་བ་རེད། ཉེ་བའི་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་མཉམ་ལས་ཁང་དེ་ལ་ཁྲལ་རིན་སྒོར་ཁྲི་30ལྷག་ཙམ་བཅག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།