དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས། འགན་འཁྲི་འཁུར་བའི་ཉམས་བཟང་ལེགས་པར་མངོན།

    ——གཞིས་རྩེ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁྲོད་ཧུར་ཐག་ཞུགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད། ལོ་གཅིག་གི་རིང་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི”ས་མཐོའི་འགན་འཁུར་སྙིང་སྟོབས་ལ་བརྟེན་ནས་ཉེན་སེལ་རོགས་སྐྱོབ་ནང་འཕྲལ་མར་ཞུགས་པ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱས་ཤིང་། ལྷག་བསམ་རྣམ་དག་དང་བློ་སྟོབས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་གི་འགོག་རགས་བརྟན་པོ་བསྐྲུན་ཡོད།

    ས་ཡོམ་བརྒྱབ་རྗེས། མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མྱུར་དུ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཏེ། “གཅིག་གྱུར་བཀོད་འདོམས་དང་། རིམ་དབྱེ་དང་ལེན། མཐུན་སྦྱོར་ལས་སྒྲུབ”བཅས་ཀྱི་རོགས་སྐྱོབ་མ་ལག་བཙུགས་ཤིང་། ཁྱོན་བསྡོམས་བཀོད་འཐབ་པ་1515དང་། རླངས་འཁོར་272 རྫི་ཁྱི་23བཅས་རོགས་སྐྱོབ་ནང་ཞུགས་ཏེ་ཉེན་གྱར་མི་སྣ་28བསྐྱབས་པ་དང་། མང་ཚོགས་2308ཁ་འགྲེམས་གནས་སྤོ་བྱས་པ། གུར་1510ཕུབ་པ། དངོས་ཟོག་ཏུན་8.5དབོར་བ། སྒོ་ཕྱུགས་73བསྐྱབས་པ། གུར་དང་ཐབ་ཆས་སོགས་དངོས་ཟོག་2000ལྷག་འདོན་འཇུག་བཅས་བྱས་པས། རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་ངང་བསྡུ་རུབ་དང་བཀོད་སྒྲིག་ནུས་ལྡན་ཐུབ་ཡོད།

    གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཚུན། ཉིང་ལག་རུ་ཁག་གིས་མེ་ཟོན་ཆེད་ལས་ཀྱི་ལེགས་ཆ་དང་། མི་སྣའི་སྟོབས་ཤུགས་ཀྱི་ལེགས་ཆ། མཐུན་སྦྱོར་ལས་སྒྲུབ་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། འཕྲལ་སྡོམ་ཐག་གཅོད་བྱེད་འགོ་ཚུགས་པ་ནས་ཉིན་མཚན་དབྱེར་མེད་དང་ལེན་བར་དང་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་བྱས་པ་ནས་གེགས་རྗེས་བསྐྱར་སྐྲུན་བར་གྱི་ཆེད་ལས་སྟོབས་ཤུགས་འབའ་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་ཡོངས་ཀྱི་བཀོད་སྒྲིག་བྱ་ཡུལ་801ལ་བདེ་འཇགས་མཐའ་གཅིག་ཏུ་ཡོང་བའི་འགན་ལེན་བྱས་ཡོད།

    ཉིང་ལག་རུ་ཁག་གིས“ཆེད་ལས་འགོག་ཟོན”སྟོབས་ཤུགས་གཅིག་འདོམས་བྱས་ཏེ། ལག་རྩལ་མཛུབ་ཁྲིད་སྐོར་སྐྱོད་ཚོགས་ཆུང་5དང་མེ་འགོག་སྐོར་ཞིབ་ཚོགས་ཆུང་20བཙུགས་པ་དང་། སྟབས་བདེའི་ཁང་པའི་དང་བླངས་མེ་ཟོན་རུ་ཁག་350བཙུགས་པ། མེ་ཟོན་ལྟ་སྐུལ་ཡོ་བྱད་ཆ་ཚང་600ལྷག་ཙམ་བཀོད་སྒྲིག་བྱས་པ། རིམ་རྩིས་བརྒྱབ་ན་མེ་འགོག་སྐོར་ཞིབ་ཐེངས་ཁྲི་1.45ལྷག་བྱས་པ། མངོན་མེད་རྐྱེན་ངན་ཁྲི་17.47གྲལ་བཤེར་བྱས་པ། སྟབས་བདེའི་ཁང་པའི་མེ་ཟོན་རུ་ཁག་གི་ལས་དོན་པ་མི་ཐེངས་ཁྲི་1.9ལ་གསོ་སྦྱོང་དང་རོགས་རམ་བྱས་པ། “མཉམ་འགོག”ལམ་སྲོལ་བཙུགས་ནས་མེ་ཟོན་བདེ་འཇགས་ཀྱི་དམིགས་ཚད་འགྱུར་མེད་ཁ་གསལ་བཟོས་ནས་ཁོངས་གཏོགས་ས་ཁུལ་དང་སྡེ་ཚན་གྱི་འགན་འཁྲི་ནན་དུ་བཏང་སྟེ་བསྐྱར་སྐྲུན་ལས་དོན་གྱི་གྲངས་གཞི་མཉམ་སྤྱོད་བྱས་པ། ཨར་སྐྲུན་ལས་ཡུལ་གྱི་བདེ་འཇགས་སྐོར་སྐོང་འདྲི་དང་སྐོར་ཞིབ་མཉམ་དུ་བྱས་ཏེ“མེ་ཟོན་དང་ཏང་སྲིད་དམག་ཉེན་དམངས”ཟུང་དུ་འབྲེལ་བའི་མཉམ་འབྲེལ་སྐོར་ཞིབ་ལམ་སྲོལ་བཙུགས་ནས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་དམ་དུ་བཏང་བ། གུར་དང་སྟབས་བདེའི་ཁང་པའི་བཀོད་སྒྲིག་བྱ་ཡུལ་རིགས་གཉིས་ཀྱི་མེ་ཟོན་བདེ་འཇགས་ལག་རྩལ་སྐོར་གྱི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ལག་རྩལ་གཙོ་གནད་རིགས་7དང་དོན་ཚན་20ཁ་གསལ་བཟོས་པ། སྔོན་ལ་སྟབས་བདེའི་ཁང་པ་འཛུགས་སྐྲུན་དང་བསྐྱར་སྐྲུན་རྣམ་གྲངས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་ནང་ཞུགས་པ་དང་། དངོས་འཐབ་ནང་སྦྱོང་ཐེངས་81བཅས་བྱས་ནས་བརྒྱུད་རིམ་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ནུས་པ་ཆེ་རུ་སོང་ཡོད་པ་རེད།

    འགོ་འཛུགས་ས་གསར་པར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་དང་། མི་དམངས་གོང་དུ་བཀུར་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ། ས་མཐོའི་ཡུལ་དུ་རྩ་བ་ཚུགས་པ་དང་འཐབ་ས་དང་པོར་བརྟན་སྲུང་ཐོག་མཐའ་བར་གསུམ་དུ་བྱས་ཏེ། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་སྲ་ཞིང་བརྟན་པའི་སྲུང་བཅད་བསྐྲུན་ནས། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།