དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“གྲོང་ཚོ་དང་དུད་ཚང་དགོན་སྡེ་བཅས་སུ་སྐྱོད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    འདི་ནི་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་ཞིང་འབྲོག་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བཞིན་པ།

    “གྲོང་ཚོ་དང་དུད་ཚང་དགོན་སྡེ་བཅས་སུ་སྐྱོད་པའི”མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མི་སྣའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་པ་དང་། དགུན་དུས་དང་དཔྱིད་དུས་སྐམ་ཤས་ཆེ་བ་དང་མེ་དང་གློག་གཅིག་སྡུད་སྤྱོད་པས་མེ་སྐྱོན་ཐོན་སླ་བའི་ཁྱད་ཆོས་ལ་དམ་པོར་དམིགས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གནད་སྨིན་དྲིལ་བསྒྲགས་དང་སློབ་གསོ། བྱེད་ཐབས་ནང་སྦྱོང་། དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བརྒྱུད། བྱེད་སྒོ་གཏིང་ཟབ་ལ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

    ཉིང་ལག་རུ་ཁག་གིས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ལེབ་བཤེར་དང་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བྱས་ཤིང་། ཞིང་འབྲོག་ཁུལ་དུ་གློག་སྐུད་རྙིང་པ་ཆགས་པ་དང་ཟད་སྐྱོན་ཤོར་བའི་གློག་སྐུད་རང་དགར་གང་བྱུང་དུ་འཁྲིད་པ། དྲོད་ལེན་སྒྲིག་ཆས་བེད་སྤྱོད་ཡག་པོ་མ་བྱུང་བ་སོགས་མེ་སྐྱོན་ཐོན་སླ་བའི་ལྷུ་ཚིགས་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་དང་། དགུན་དུས་དང་དཔྱིད་དུས་ཁང་པའི་ནང་རླུང་འགྲོ་ཡག་པོ་མེད་པ་ལས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་སླ་བའི་ཉེན་ཁར་དམིགས་ཏེ་བདེ་འཇགས་ཀྱི་དྲན་སྐུལ་བྱས་ཡོད། རིམ་རྩིས་བརྒྱབ་ན་མངོན་མེད་རྐྱེན་ངན་2000ལྷག་ཙམ་བཅོས་སྒྲིག་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད། དགོན་སྡེའི་མཆོད་མེ་འབུལ་ཡུལ་དང་། གློག་ལས་དང་གློག་སྐུད། མེ་ཟོན་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་དར་ལྕོག་དང་ཐང་ག་སོགས་འབར་སླ་བའི་དངོས་རྫས་ཉར་ཚགས་དང་དོ་དམ་ཡག་པོ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་དང་མཉམ་དུ་རྩིས་ཁྲ་བཟོ་བ་དང་། དུས་ཆད་བཟོ་བ། དག་ཐེར་ལ་ལྟ་སྐུལ་བཅས་བྱས་ཏེ་དགོན་སྡེ་མང་པོ་ཞིག་གི་གློག་སྐུད་སྒྱུར་བཀོད་དང་སྒྲིག་ཆས་མང་གཏོང་ལ་སྐུལ་འདེད་བཏང་བས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ཉིང་ལག་རུ་ཁག་གིས་མང་ཚོགས་མི་འདྲ་བར་གཞིགས་ནས་མེ་ཟོན་འཆད་ཁྲིད་བྱས་པས་གནད་སྨིན་ཁྱབ་གདལ་བྱུང་ཞིང་། ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཕྱོགས་ནས་བདེ་འཇགས་ངང་གློག་སྤྱོད་དང་། སོལ་རླངས་ཀྱི་རྒྱུན་ཤེས། མེ་སྐྱོན་ཐོན་མ་ཐག་གསོད་ཐབས་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། དྲོད་ལེན་དང་དེ་བཞིན་ཕྱི་རོལ་དུ་བསང་གཏོང་བ་དང་མཆོད་འབུལ་བྱེད་སར་གཙོ་གནད་ཐོག་སྔོན་འགོག་བྱ་རྒྱུའི་ནན་བཤད་བྱས་ཡོད། “སློབ་ཁང་ཆུང་གྲས”དང“སྒོ་རའི་ཚོགས་འདུའི”རྣམ་པའི་ཐོག་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་གོ་བདེ་ཤེས་སླའི་གྱོད་དཔེ་དྲངས་ཏེ་མེ་ཟོན་ཤེས་བྱ་ཤེས་ཐུབ་པའི་འགན་ལེན་བྱས་ཡོད། དགོན་སྡེར་འཆད་ཁྲིད་བྱེད་སྐབས་ཆོས་ལུགས་རིག་གནས་དང་མཉམ་འདྲེས་བྱས་ཏེ་སྤོས་དང་མཆོད་མེའི་མེ་སྐྱོན་གྱི་ཉེན་ཁར་དབྱེ་ཞིབ་བྱས་པ་དང་། ཤིང་ཆའི་བཟོ་སྐྲུན་གྱི་མེ་སྐྱོན་དང་སྒྲིག་བཀོད་སྲུང་སྐྱོང་བྱ་ཐབས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་མ་ཟད། ཁ་འགྲེམས་བྱེད་སྟངས་གཙོ་གནད་ཐོག་ནན་བཤད་བྱས་ཡོད། རིམ་རྩིས་བརྒྱབ་ན་འཆད་ཁྲིད་580ལྷག་ཙམ་སྒྲིག་འཛུགས་བྱས་པར་མང་ཚོགས་མི་ཐེངས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ནས་མེ་ཟོན་ཤེས་བྱའི་མི་འདང་ས་གསབ་ཐུབ་ཡོད།

    ཉིང་ལག་རུ་ཁག་གིས་ནང་སྦྱོང་ལ་བརྟེན་ནས་གཞི་རིམ་གྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ཞིང་། ཞིང་འབྲོག་ཁུལ་དུ་བསྐྱོད་ནས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཚལ་སླང་དང་། གཤེར་གྱུར་སོལ་རླངས་དམ་བི། གློག་ལས་བཅས་ཀྱི་མེ་སྐྱོན་ཐོན་མ་ཐག་གསོད་ཐབས་ཀྱི་རྩལ་ནུས་སྦྱོང་བརྡར་བྱས་པ་དང་། དགུན་དཔྱིད་དྲོད་ལེན་སྒྲིག་ཆས་སྤྱོད་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་ནང་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། དྲིལ་བསྒྲགས་པས་ས་ཡུལ་དངོས་སུ་དཔེ་སྟོན་ཡོ་བསྲང་ཀྱང་བྱས་ཡོད། དེ་དང་ཆབས་ཅིག དགོན་སྡེར་མེ་ཟོན་ས་ཚིགས་ཆུང་གྲས་སམ་ཡང་ན་འོས་འགན་མེ་ཟོན་རུ་ཁག་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་དང་རྐང་འཛིན་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རིམ་རྩིས་བརྒྱབ་ན་ནང་སྦྱོང་ཐེངས་670ལྷག་ཙམ་སྒྲིག་འཛུགས་བྱས་པར་མི་ཐེངས་ཁྲི་23.6ལྷག་ཙམ་ཞུགས་པས་གཞི་རིམ་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་བཏང་ཡོད།

    གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་གིས“གྲོང་ཚོ་དང་དུད་ཚང་དགོན་སྡེ་བཅས་སུ་སྐྱོད་པའི”རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་ལེགས་སྒྲིག་ལས་དོན་ལ་གཙོ་གནད་ཐོག་དམ་པོར་དམིགས་ཏེ། གཞི་རྟེན་གསར་གཏོད་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་གཞི་རིམ་དུ་ཏན་ཏིག་ཁྱབ་པར་བྱས་ནས་དུས་བདེ་དང་ཞི་མཐུན་གྱི་གཞིས་རྩེ་འཛུགས་སྐྲུན་ཆེད་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།