མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་དཔུང་སྦྲེལ་ལས་གཏོད་ལམ་དུ་ཆས།
——90ནང་སྐྱེས་ཀྱི་བོད་བཟོའི་ཁྱིམ་ཆས་ཚོང་ཁང་གི་སྦྱིན་བདག་ཚེ་སྒྲོན་གྱི་ལས་གཏོད་གཏམ་རྒྱུད།
དཔྱིད་རླུང་དལ་བུར་ལྡང་བ་དང་བསྟུན་ནས་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སུ་གནས་པའི་དགའ་སྐྱིད་གླིང་སྤུས་ལེགས་མཛེས་བཟོ་གྲོང་དུ་བསྐྱོད་པ་ཡིན། ཐོག་སོ་དང་པོར་ཡོད་པའི་ཁྱད་ལེགས་བོད་བཟོའི་ཁྱིམ་ཆས་ཚོང་ཁང་དུ་སླེབས་སྐབས། དེ་གར་རྒྱུ་སྤུས་དག་ལ་བཟོ་བཀོད་དར་སོ་ཆེ་བའི་བོད་བཟོའི་ཁྱིམ་ཆས་མང་པོ་གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་། བུ་མོ་ཞིག་གིས་འཛུམ་དམུལ་དམུལ་གྱིས་མགྲོན་པོར་བོད་བཟོའི་ཆ་སྒམ་དང་ཅོག་ཙེ་སོགས་ངོ་སྤྲོད་བྱེད་བཞིན་འདུག ཁོང་ནི་ཚོང་ཁང་དེའི་སྦྱིན་བདག་ཚེ་སྒྲོན་རེད།
བོད་བཟོའི་ཁྱིམ་ཆས་ཚོང་ཁང་འདི་ནས་རྒྱ་བོད་ན་གཞོན་བཟའ་ཚོ་གཉིས་ཀྱིས་བརྩེ་བ་དང་འབད་འཐབ་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་བརྩམས་དང་རྩོམ་མུས་ལགས། བོད་རིགས་བུ་མོ་ཚེ་སྒྲོན་དང་ཕ་ཡུལ་ཁྲུང་ཆིང་ནས་ཡིན་པའི་ཕོ་གཞོན་ཀྲང་ལའེ་ཡུན་གྱིས་ཁྱད་ལེགས་བོད་བཟོའི་ཁྱིམ་ཆས་ཚོང་ཁང་འདི་གཉེར་བ་ལས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ལས་གཏོད་འབབ་འཕར་དོན་གཉེར་གྱི་ཡངས་པའི་ལམ་བུར“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རྣམ་པ་གསོན་ཉམས་དོད་པོས་མཚོན་བཞིན་མཆིས།
2020ལོར་ཚེ་སྒྲོན་ཁང་པ་མཛེས་བཟོའི་ཀུང་སི་ཞིག་ཏུ་ལས་ཀར་ཞུགས་ཏེ་ཁང་པ་མཛེས་བཟོ་དང་ཁྱིམ་ཆས་ཕྱིར་ཚོང་དང་འབྲེལ་བའི་ཤེས་བྱ་སློབ་སྦྱོང་བྱས། རིམ་བཞིན་ལས་སྒོ་བྱང་ཆུབ་པར་གྱུར་ཏེ་ཚོང་ཡང་ཡག་པོ་བྱུང་བས་སྦྱིན་བདག་གིས་ཁོང་ལ་མཐོང་ཆེན་པོ་བྱས་ནས་ནང་སར་སློབ་སྦྱོང་དང་ལས་སྒོའི་རྩལ་ནུས་སྤེལ་རེས་ལ་ཐེངས་མང་མངགས། ལོ་དེའི་ཟླ་བ་བདུན་པར་ཁང་པ་མཛེས་བཟོའི་ལས་ལ་བྱང་ཆུབ་པའི་ཁྲུང་ཆིང་གི་ཕོ་གཞོན་ཀྲང་ལའེ་ཡུན་ཀུང་སི་དེར་སླེབས་པ་དང་ཁོང་གཉིས་པོ་ལས་རོགས་སུ་གྱུར། ཚེ་སྒྲོན་གྱིས་ཀྲང་ལའེ་ཡུན་གྱི་ས་ནས་ཁང་པ་མཛེས་བཟོའི་ལག་རྩལ་སྦྱོང་གི་ཡོད་པ་དང་ཀྲང་ལའེ་ཡུན་གྱིས་ཚེ་སྒྲོན་གྱི་ས་ནས་བོད་སྐད་སྦྱོང་གི་ཡོད། ཁོང་གཉིས་མཉམ་དུ་སྐུ་མགྲོན་གྱི་ཁྱིམ་དུ་ཐིག་ལེན་མཛེས་བཟོར་སྐྱོད་པ་དང་ཁྱིམ་ཆས་ཆེན་པོ་དབོར་བ་སོགས་ཀྱི་སྐབས་སུ་ཀྲང་ལའེ་ཡུན་གྱིས་རང་འགུལ་ངང་ཁོང་ལ་རོགས་པ་བྱེད་ཀྱི་ཡོད་པས་རིམ་བཞིན་ཁོང་གཉིས་པོའི་དབར་ལས་འགྲོའི་མདུད་པ་དམ་པོར་ཐེབས། 2022ལོར་ཁོང་གཉིས་གཉེན་སྒྲིག་བྱས་ནས་དྲོ་སྐྱིད་དང་འཆམ་མཐུན་ལྡན་པའི་འཚོ་བར་རོལ་འགོ་ཚུགས། “ང་གཉིས་མི་རིགས་གཅིག་པ་མིན་ཡང་དམིགས་ཡུལ་གཅིག་པ་ཡིན་ཏེ། ལས་ཀ་ཧུར་ཐག་འབད་ཐག་བྱས་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་དེ་ཡིན”ཞེས་ཚེ་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད། ཁྱིམ་ཚང་གི་དྲོ་སྐྱིད་ལས་མཉམ་དུ་ལས་གཏོད་བྱེད་པའི་ཁོང་གཉིས་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན།
དེང་སྐབས་མི་རྣམས་ཀྱིས་ཁང་པར་མཛེས་བཟོ་གྲ་རྒྱས་པོ་བྱས་པས་མ་ཚད། བོད་བཟོའི་ཁྱིམ་ཆས་སྒྲིག་པར་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པས། ཚེ་སྒྲོན་དང་ཀྲང་ལའེ་ཡུན་གྱིས་ཚོང་རྒྱག་སྟངས་ལེགས་པར་སྦྱངས་རྗེས་སོ་སོ་རང་ཉིད་ལ་དབང་བའི་བོད་བཟོའི་ཁྱིམ་ཆས་ཚོང་ཁང་ཞིག་འཛུགས་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་སོང་།
2024ལོའི་ཟླ་10པར་བཟའ་ཚོ་གཉིས་པོས་གསོག་དངུལ་ཚང་མ་བཏོན་པའི་ཁར་དགའ་ཉེ་སྤུན་མཆེད་ཀྱི་ས་ནས་དངུལ་གང་ཙམ་གཡར་ཏེ་ཁྱད་ལེགས་བོད་བཟོའི་ཁྱིམ་ཆས་ཚོང་ཁང་འདི་བཙུགས། ལས་གཏོད་ཀྱི་ལམ་བུར་དཀའ་ངལ་མ་འཕྲད་པ་ག་ལ་སྲིད། ཚོང་ཁང་སྒོ་ཕྱེ་བའི་ཐོག་མའི་དུས་སུ་སྐུ་མགྲོན་ཉུང་བ་དང་ཚོང་ཁང་ལ་མིང་གྲགས་དེ་ཙམ་མེད་པས་ཁོང་གཉིས་ལ་ཚོང་ཡག་པོ་བྱུང་མེད་མོད། འོན་ཀྱང་དཀའ་ངལ་གྱི་མདུན་དུ་ཁོང་གཉིས་པོས་ཐོག་མའི་བསམ་འདུན་མ་འགྱུར་བར་བསམ་བློ་གཅིག་ཏུ་གཏོང་བ་དང་ཤུགས་གཅིག་ཏུ་བརྒྱབ་ནས་དཀའ་ངལ་མཐའ་དག་གདོང་གིས་བསུས་པ་ལས་སེམས་ཤུགས་གཏན་ནས་ཆག་མྱོང་མེད།
“དཀའ་ངལ་འཕྲད་སྐབས་ང་གཉིས་ཀྱིས་ལྕག་སྐུལ་དང་སེམས་གསོ་གཏོང་རེས་བྱེད་པ་ལས་སུས་ཀྱང་ཕན་ཚུན་འཁང་ར་བྱེད་མྱོང་མེད”ཅེས་ཀྲང་ལའེ་ཡུན་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས། ངའི་བཟའ་ཟླས་ཁྱིམ་ཆས་གང་ཞིག་བྲིན་ཁ་རྒྱུག་མིན་ལ་བརྟག་པ་མ་ཟད། ཁྲོམ་རའི་དགོས་མཁོར་གཞིགས་ནས་ཚོང་ཁང་ནང་འཚོང་བའི་ཁྱིམ་ཆས་ཀྱི་ཁྱད་ཆོས་དང་སྤུས་ཀ་ལེགས་སུ་གཏོང་བར་སེམས་ནུས་ཡོད་རྒུ་བཏོན་པ་དང་། ངས་གཉེར་སྐྱོང་དང་དོ་དམ་བྱེད་སྟངས་སློབ་སྦྱོང་བྱས་ཏེ་ཚོང་ཤག་མང་དུ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། བཟའ་ཚོ་གཉིས་པོས་ཚོང་ཁང་ནང་འཛད་སྤྱོད་པ་བསྒུགས་ནས་མི་སྡོད་པར་ལྷ་སའི་འཁྲུག་ཆ་དོད་ས་དང་དེ་བཞིན་ཚོང་གྲོང་གི་ཉེ་འཁོར་དུ་རང་ཉིད་ཀྱི་ཚོང་ཁང་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཟོལ་མེད་ཀྱི་ཞབས་ཞུར་བརྟེན་ནས་འགྲུལ་པ་འགུག་ཐབས་བྱེད་པས་མ་ཚད། བཟོ་ལྟ་དང་སྤུས་ཚད་ལ་བརྟེན་ནས་ཉོ་མཁན་མང་པོའི་ཁས་ལེན་ཐོབ་ཐབས་བྱས་ཏེ་དཀའ་བ་གྲངས་མེད་སྤྱད་མཐར་ཚོང་རིམ་བཞིན་ལེགས་སུ་ཕྱིན།
ད་ཆ་ཁྱད་ལེགས་བོད་བཟོའི་ཁྱིམ་ཆས་ཚོང་ཁང་གི་རྒྱ་ཁྱོན་ཉིན་བཞིན་ཆེ་རུ་ཕྱིན་ནས་སྔ་རྗེས་སུ་ལས་མི་7བསྡུས་ཤིང་། མགྲོན་པོར་སྣེ་ལེན་དང་། ཟོག་སྐྱེལ། བཙོང་རྗེས་ཀྱི་ཞབས་ཞུ་བཅས་ཀྱི་ལས་རིམ་ཆ་ཚང་ཞིག་གྲུབ་ཡོད། ཚོང་ཁང་ནང་གི་མི་རིགས་མི་འདྲ་བའི་ལས་མི་ཕན་ཚུན་རོགས་རམ་དང་མཉམ་དུ་ལས་ཀ་བྱས་ཏེ་ཚོང་ཁང་གི་འཆམ་མཐུན་རྣམ་པ་ཡག་པོ་ཞིག་བཏོད་ཡོད་པ་མ་ཟད། ཚོང་ཁང་གི་ཚོང་ཇེ་ལེགས་སུ་འགྲོ་བར་རང་རང་གི་ནུས་པ་འདོན་གྱི་ཡོད། ངོ་ཤེས་པ་ནས་ལས་འགྲོའི་མདུད་པ་ཐེབས་ནས་ལས་གཏོད་བྱས་པའི་བར་དང་། དཀའ་ངལ་ཁྱད་བསད་ཀྱིས་བྱ་གཞག་གཏོད་པ་ནས་འཕེལ་རྒྱས་བརྟན་པོ་བྱུང་བའི་བར། ཚེ་སྒྲོན་དང་ཀྲང་ལའེ་ཡུན་བཟའ་ཚོ་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཞིང་ས་བརླན་པ་དང་དཀའ་བ་མཐའ་དག་པང་དུ་ལེན་ཕོད་པའི་འབད་འཐབ་ཀྱི་སྙིང་སྟོབས་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་ཡོད། ཁོང་གཉིས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་ནང་དོན་ཟབ་མོར་གསལ་འགྲེལ་གང་ལེགས་བྱས་ཡོད་ལ། མི་སྨོན་རང་སྐྱིད་ཀྱི་འཚོ་བ་གསར་པར་དེ་བས་རོལ་བཞིན་ཡོད།
མ་འོངས་པར་རྒྱང་ལྟ་བྱེད་སྐབས་བཟའ་ཚོ་གཉིས་པོར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གཉིས་པོས་ཐོག་མའི་བསམ་འདུན་དང་ཕུགས་བསམ་དང་དད་སེམས་མུ་མཐུད་བརྟན་པོར་བསྲུངས་ཏེ་བོད་བཟོའི་ཁྱིམ་ཆས་དར་སྤེལ་གཏོང་བ་དང་མི་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ་དང་ཆབས་ཅིག བརྩེ་བ་ཟབ་མོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོའི་ས་གཞི་ཆེན་མོར་ཡུན་ནས་ཡུན་དུ་བཞད་པའི་འབད་བརྩོན་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།