དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་པར་ཁྲིད་སྟོན་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་པ་དང་། དངོས་སྒྲུབ་དང་འགན་འཁུར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་བརྟན་པོའི་ངང་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་གཞོན་པ་བསོད་ནམས་ཕུན་ཚོགས་ཀྱི་གཞུང་ལས་ཁང་དུ་ཡོང་མཁན་མང་པོ་ཡོད་པ་དང་། ཚང་མས་མཉམ་དུ་བསྡད་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པ་ནི་སྨན་ཁང་དེའི“ཡོན་ཀྲང་གི་སྣེ་ལེན་ཉིན་མོའི”རྣམ་པ་ཞིག་རེད།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཡོན་ཀྲང་གི་སྣེ་ལེན་ཉིན་མོ”དེ་སློབ་སྦྱོང་སློབ་གསོ་སྤེལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། སྨན་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་། ནད་པ་དང་ནང་མིའི་རྩ་ཆེའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ནས་དང་ལེན་ཧུར་ཐག་བྱས་པ་དང་འབྲེལ། དཔེ་མཚོན་དངོས་དང་ཟུང་འབྲེལ་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐད་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡོད།

    མིག་སྔའི་བར། “ཡོན་ཀྲང་གི་སྣེ་ལེན་ཉིན་མོའི”ནང་རིམ་རྩིས་བརྒྱབ་ན་ནད་པ་དང་དེའི་ནང་མི་192ལ་སྣེ་ལེན་ཞུས་པ་དང་། སྨན་པ་སྟེན་པ་དང་ནད་ཨང་ལེན་སྐབས་མི་རྫོབ་ཐེབས་པ་དང་། ནད་ཁང་ཐབ་ཚང་གི་ཆ་རྐྱེན་ཞན་པ། རྒན་རྒོན་སྨན་པ་བསྟེན་དཀའ་བ་སོགས་ཐད་ཀྱི་གནད་དོན་ཚང་མ་དུས་ཐོག་ཏུ་དག་ཐེར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་རྫོང་དེའི་མི་དམངས་ཁྲིམས་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས། “གཅིག་སྡུད་ཐོག་སྣེ་ཁྲིད་ནས་སློབ་སྦྱོང་དང་། བགྲོ་གླེང་། མི་སྒེར་གྱི་རང་སྦྱོང་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ། 《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་པ་རེད།

    སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་གཞུང་ལས་ཁང་གི་རིམ་པ་དང་པོའི་ཁོའོ་ཡོན་བསྟན་འཛིན་དབྱངས་སྒྲོན་གྱིས“ང་ཚོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་ཞིབ་བསྡུར་བྱས་ནས། དོན་དངོས་དང་ཁ་བྲལ་བ་དང་འཕྲལ་བདེ་འཕྲལ་ཕན་བྱེད་པ་དང་། གྱོད་གཞིའི་སྤུས་ཚད་ལ་སྣང་ཆུང་གིས་གྱོད་གཞི་ཐག་གཅོད་བྱེད་ཚད་ཁོ་ནར་ལྟ་བ། མང་ཚོགས་ཀྱི་མྱོང་ཚོར་ལ་སྣང་ཆུང་གིས་བབ་བསྟུན་གྱོད་སྒྲུབ་མི་བྱེད་པ། ལས་དོན་སྒྲུབ་སྐབས‘གྱོད་སྒྲུབ་ཀྱི་གྲངས་ཚད’ལ་མཐོང་ཆེན་བྱེད་པ་ལས‘དངོས་ཡོད་དོན་འཁྱོལ’ལ་སྣང་ཆུང་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད་གཙོ་གནད་ཐོག་ཞིབ་དཔྱད་བྱས་ཏེ། གྱོད་གཞིའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། གཏུག་བཤེར་དང་ཡིག་འབུལ་ཞུ་བཅར་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་འཛིན་ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཁྲོད་ཁྲིམས་འཛིན་གྱི་འགན་འཁྲི་མངོན་པར་བྱ་རྒྱུ་ཡིན”ཞེས་བཤད།

    ཉེ་ཆར། བོད་ལྗོངས་དངུལ་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་ལས་བྱེད་ལས་བཟོ་ཚོར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཆེད་དོན་འཆད་ཁྲིད་བྱེད་པར་དམིགས་སུ་གདན་དྲངས་ཤིང་། འཆད་ཁྲིད་ནང་གལ་ཆེའི་དོན་སྙིང་དང་། གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་། “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཀྱི་རྩ་བའི་གནད་དོན་དང་དེའི་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་དང་། ཆབ་སྲིད་ཀྱི་མཐོ་ཚད། ལག་ལེན་གྱི་ཕན་འབྲས་བཅས་ལ་ལན་གཏིང་ཟབ་བརྒྱབ་པས། དངུལ་ཁང་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་ནུས་ལྡན་ཐུབ་ཡོད།

    ཚང་མས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་དངུལ་རྩས་མཐའ་སྲུང་ལ་རྒྱབ་སྐྱོར་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་ཟོན་སོགས་ཀྱི་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱས་པ་དང་། འགན་སྒྲུབ་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། བོད་ལྗོངས་དངུལ་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་པར་དངུལ་རྩའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།