རང་ལྗོངས་ཀྱིས་ས་ཁང་བདག་ཁོངས་ཁྲོམ་ར་བསྐྱར་འཕར་ལེཌ་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་བཏོན་པ།
ཉེ་ཆར། གསར་འགོད་པས《བོད་རང་སྐྱོང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བསྐྱར་འཕར་ལེགས་འཕེལ་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》(གཤམ་དུ《བྱེད་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)གི་སྲིད་ཇུས་གསལ་འགྲེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་ཚོང་སྒྱུར་ཁང་པ་ཉོ་མཁན་ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་འབོར་མཐོ་ཤོས་སྒོར་ཁྲི་160བར་མཐོ་རུ་གཏོང་རྒྱུ་དང་། “ཁང་པ་ཡག་པོ”དང་ལག་ཡོད་སྡོད་ཁང་ཕྱིར་ཚོང་རྣམ་གྲངས་ཀྱི་ཁང་པ་ཉོ་མཁན་ལ་སྒོར་ཁྲི་20སྤར་ནས་སྒོར་ཁྲི་180ཟིན་པ་བྱེད་པ་དང་དངུལ་བུན་གཏོང་འབོར་མཐོ་ཤོས་ཡིན་པ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ས་ཁང་བདག་ཁོངས་ཁྲོམ་ར་བསྐྱར་འཕར་ལེགས་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《བྱེད་ཐབས་འགའ་ཞིག》ནང་ཕྱོགས་4དང་ཞིབ་ཕྲའི་བྱ་ཐབས་ཁག་9ལ་དབྱེ་ནས་ས་ཁང་བདག་ཁོངས་ཁྲོམ་ར་འཕེལ་རྒྱས་གཏོང་བའི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱས་ཡོད། ལག་གསོག་ཐེབས་པའི་ཚོང་སྒྱུར་ཁང་པ་ཕྱིར་ཚོང་ལ་སྐུལ་འདེད་གཏོང་བའི་ཐད། ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཁ་གསལ་བཟོས་ཏེ་ཁང་པ་གཅིག་ལ་ཁ་གསབ་མཐོ་ཤོས་སྒོར་ཁྲི་5སྤྲོད་པའི་སྲིད་ཇུས་དེ་2026ལོའི་ཟླ་12ཚེས་31ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་དང་། སྡོད་ཁང་མིན་པའི་ས་ཆ་སྤྱོད་སྟངས་སྒྱུར་བ་དང་སྡོད་ཁང་མིན་པའི་ལག་གསོག་ཁང་པ་རྒྱས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ལག་གསོག་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱེད་པར་སྐུལ་ལྕག་བཏང་སྟེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་པར་སྤྱོད་པ། ཐབས་ལམ་སྣ་མང་ལ་བརྟེན་ནས་མཛོད་ཉར་ཁང་པ་ཚོང་བ། སྡོད་ཁང་ལེགས་གྲས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། “ཁང་པ་ཡག་པོའི”སྡོད་ཁང་སྐྲུན་པར་སྐུལ་ལྕག་གཏོང་རྒྱུ། སྡོད་ཁང་འཛད་སྤྱོད་དང་བརྗེ་ཉོ་བྱེད་པའི་སྲིད་ཇུས་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་། སྤྱིར་བཏང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པར་བཟོ་བ། ས་ཞིང་མཁོ་སྤྲོད་དང་གཞི་ཁྱོན་རྩིས་རྒྱག་སོགས་ཀྱི་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་བརྟེན་ནས“ཁང་པ་ཡག་པོ”སྐྲུན་པར་སྐུལ་འདེད་གཏོང་བ། “ཆུང་འཚོང་ཆེ་ཉོ”དང“རྙིང་བཙོང་གསར་ཉོ”ཁྱབ་སྤེལ་བྱས་ཏེ། སྡོད་ཁང་ལེགས་གྲས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་རེད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ཏེ་སྡོད་ཁང་ཉོ་སྐབས་ཐོག་མའི་གྲོན་དངུལ་གྱི་བསྡུར་ཚད་དམའ་ཤོས་15%ཡིན་པ་གཅིག་གྱུར་ཐོག་ལག་བསྟར་བྱེད་པ་དང་། ཐད་ཀའི་གཉེན་ཚན་གྱིས་ཕན་ཚུན་རོགས་རམ་བྱས་ཏེ་གཉེན་ཚན་གྱི་སྤྱི་གསོག་མ་དངུལ་བེད་སྤྱོད་བཏང་ཆོག་པ། སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། དངུལ་བུན་འཇལ་བའི་སྲིད་ཇུས་ལེགས་སུ་གཏོང་བ། ཚོགས་སྤྱི་མི་འདྲ་བའི་ཁང་པ་ཉོ་བའི་དགོས་མཁོ་སྐོང་ཐུབ་པ་བཅས་བྱ་རྒྱུ། ས་ཆ་མཁོ་འདོན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བའི་ཐད། ཚོང་སྒྱུར་ཁང་པ་མཁོ་སྤྲོད་བྱེད་ས་དེ་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་ཁྱེར་ཇུས་འགོད་དང་འབྲེལ་མཐུད་ཐུབ་པར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕན་འབྲས་ཆུང་བའི་ལག་གསོག་ས་ཆ་ཕན་སྒྱུར་བྱེད་པ། འཆར་འགོད་སྤྱོད་སྒོའི་མཐའ་ཚད་དོ་དམ་ཚོད་འཛིན་དང་བར་བརྒལ་དུས་སྐབས་ཀྱི་ནུས་པ་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཐོན་ལས་དང་གྲོང་ཁྱེར་མཐུན་འདྲེས་དང་ལས་གནས་དང་སྡོད་ཁང་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།