རང་གྲུབ་གཡང་གཟར་ལམ་བུ་ཐོགས་མེད་བགྲོད་ལམ་ལ་གྱུར་པ།
——རྒྱལ་ལམ་318ལམ་ཐིག་ཇོ་པ་ལའི་ཕུག་ལམ་གྱི་མཐོང་ཐོས།

འདི་ནི་ཇོ་པ་ལའི་ཕུག་ལམ་གྱི(སྨར་ཁམས་རྫོང་མཆོད་རྟེན་ཤང་འདན་པ་གྲོང་ཚོའི་ཁ་ཕྱོགས)ཟུར་ཞིག་ཡིན་པ།
2024ལོའི་ཟླ་6པར། རྒྱལ་ལམ་318ལམ་ཐིག་ཇོ་པ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དེས་དེ་སྔའི་ཇོ་པ་ལ་སྟེང་གི་རི་ལམ་དུ་རླངས་འཁོར་གྱིས་ཁེངས་པའི་རྣམ་པ་མཐོང་རྒྱུ་མེད།
སྨར་ཁམས་རྫོང་དང་མཛོ་སྒང་རྫོང་གི་བར་དུ་གནས་པའི་ཇོ་པ་ལ་ནི་རྒྱལ་ལམ་318ལམ་ཐིག་ཐོག་སྐད་གྲགས་ཆོད་པའི་རང་གྲུབ་གཡང་གཟར་ལམ་ཞིག་རེད། ལ་དེའི་མཐོ་ཚད་ལ་སྨི་3900ལས་མེད་མོད། འོན་ཀྱང་རྫ་ཆུའི་ངོགས་ཀྱི་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ཐོན་ནས་ལ་བརྒྱབ་སྐབས་ས་བབ་ཀྱི་ཧེ་བག་སྨི་1500ལྷག་ཙམ་ཆོད་པ་དང་རི་ལམ་ཀྱག་ཀྱོག་དེར་ལམ་ཐག་སྤྱི་ལེ་29ཡོད་པ་དེ་ནི་ཁྲོན་བོད་ལམ་ཐིག་ཐོག་གི་ལས་འཛོལ་ཐོན་མང་ཤོས་ཀྱི་ལམ་དུམ་ཞིག་ཏུ་གྱུར་ནས་འགྲོ་འོང་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པ་ཇོ་པ་ལ་བརྒྱབ་སྐབས་དངངས་སྐྲག་གིས་ངོ་གདོང་ཡང་དམར་པོར་འགྱུར་གྱི་ཡོད།
སྟབས་ལེགས་པ་ཞིག་ལ་ཇོ་པ་ལའི་ཕུག་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག རང་གྲུབ་གཡང་གཟར་ལམ་བུ་དེ་ཐོགས་མེད་བགྲོད་ལམ་ལ་གྱུར།
“ཇོ་པ་ལའི་ཕུག་ལམ་ནི་མིག་སྔར་བོད་ཀྱི་ཕུག་ལམ་རྐྱང་པར་རླངས་འཁོར་ཕྱོགས་གཉིས་སུ་སྐྱོད་ཐུབ་པའི་ཕུག་ལམ་རིང་ཤོས་དེ་རེད། ལས་གྲྭ་ཧྲིལ་པོར་རིང་ཚད་ལ་སྨི་6995ཡོད་པའི་ཕུག་ལམ་ཨ་མ་དང་། སྨི་6940ཡོད་པའི་འདྲེན་ཕུག སྨི་327ཡོད་པའི་ཇོ་པ་ལའི་ཟམ་ཆེན། དེ་བཞིན་སྤྱི་ལེ་10ཡོད་པའི་རིམ་པ་གསུམ་པའི་གཞུང་ལམ་བཅས་ཚུད་ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20བཏང་ཡོད”ཅེས་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་S521རྣམ་གྲངས་འཆར་འགོད་གན་རྒྱ་པུའི་པུའུ་ཀྲང་དང་ཇོ་པ་ལའི་ཕུག་ལམ་རྣམ་གྲངས་བཀོད་འདོམས་པུའི་དེ་སྔའི་པུའུ་ཀྲང་ཁྲེན་ལིན་ཅེས་གསར་འགོད་པར་བརྗོད།
ཁྲེན་ལིན་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། ཇོ་པ་ལའི་ཕུག་ལམ་རྣམ་གྲངས་དེ་2018ལོར་ལས་འགོ་ཚུགས་པ་དང་། ལོ་དྲུག་རིང་འབད་འཐབ་བྱས་པ་བརྒྱུད། 2024ལོའི་ཟླ་6ཚེས་30ཉིན་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཕུག་ལམ་དེར་གས་ཆག་ཁུལ་2དང་ཆུ་མང་བའི་ཁུལ་4བརྒྱུད་དགོས་པ་དང་། གསོ་རླུང་དཀོན་ལ་དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་ཕུག་ལམ་རིང་པོ་སྔོག་འདྲུ་དང་། རླུང་འགྲོ་བཟོ་བ། གྱེན་དུ་ཆུ་འབུད་པ་བཅས་ལས་བྱུང་བའི་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་བསད་བྱས་ཡོད།
དེའི་ནང་རྣམ་གྲངས་ཚོགས་པས་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་པའི“མཐོ་གྲང་ས་ཁུལ་དུ་ས་འོག་འབེལ་ཆུའི་ཆད་རིམ་གས་ཆག་ཁུལ་གྱི་ཕུག་ལམ་ཆེས་རིང་བའི་ཨར་སྐྲུན་གྱི་འགག་རྩའི་ལག་རྩལ”དཔྱད་འདོམས་བྱས་པ་བརྒྱུད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མ་ཟད། ཀྲུང་གོ་གཞུང་ལམ་འཛུགས་སྐྲུན་ལས་རིགས་མཐུན་ཚོགས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་རིམ་པ་གཉིས་པ་ཐོབ་ནས་རང་རྒྱལ་གྱི་རིགས་གཅིག་མཚུངས་ཀྱི་ཁོར་ཡུག་ཞན་པོའི་འོག་ཕུག་ལམ་འཛུགས་སྐྲུན་བྱེད་པར་རྩ་ཆེའི་ཉམས་མྱོང་བསགས་ཡོད།
“སྔོན་ཆད། ཇོ་པ་ལ་བརྒལ་བར་བྱེས་བགྲོད་རླངས་འཁོར་གྱིས་ཀྱང་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ད་ཆ་ཕུག་ལམ་ནང་སྐར་མ་10ལས་འགོར་གྱི་མེད་པས་ཁྲོན་བོད་ལམ་ཐིག་གི་འགྲོ་སྐྱོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྐྱེལ་འདྲེན་གྱི་མ་གནས་དམའ་རུ་ཕྱིན་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་ཉུང་དུ་ཕྱིན་ཡོད”ཅེས་ཁྲེན་ལིན་ཅེ་ཡིས་སྤོབས་སེམས་ཆེན་པོས་བརྗོད།
ཧོ་ནན་ནས་ཡིན་པའི་ལའོ་ཧྥུང་གིས་ཁྲོན་བོད་ལམ་ཐིག་ཐོག་ཕར་འགྲོ་ཚུང་འོང་བྱས་ནས་ལོ་20ལྷག་ཙམ་སོང་ཡོད། སྐབས་དེར་ཁོང་གིས་རླངས་འཁོར་ཟམ་པའི་འགྲམ་གྱི་ས་སྟོང་དུ་ཁ་བཀག་ནས་བཟའ་ཟླ་དང་མཉམ་དུ་རླངས་འཁོར་ལ་ཞིབ་བཤེར་བྱས་ཏེ་ཐེངས་རྗེས་མའི་འགྲུལ་བཞུད་ལ་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད།
ལའོ་ཧྥུང་གིས། དུས་ཚོད་དང་། མི་ཤུགས། དངུལ་བཅས་གཟན་པ་ཕུད། ཇོ་པ་ལའི་ལམ་རྙིང་པ་དེའི་གནད་དོན་ཆེ་ཤོས་ནི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་བ་དེ་ཡིན། ལྷག་པར་དུ་དགུན་ཁའི་དུས་སུ་ལམ་དུ་གངས་གསོག་ཐེབས་པ་དང་འཁྱགས་པ་རྒྱག་པའི་གནས་ཚུལ་ཐོན་མང་བས། འཁོར་རིགས་འགྲོ་སྐྱོད་བྱེད་སྐབས་ཉེན་ཁ་ཆེན་པོ་འདུག་ཅེས་བརྗོད།
“ཏང་དང་སྲིད་གཞུང་གི་བཀའ་དྲིན་གྱིས་ལམ་དེ་ཡང་བསྐྱར་བསྐྲུན་པས། ཚང་མའི་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་ཐུབ་པ་མ་ཟད། ལམ་ཐིག་དེའི་ཐོག་ཐེངས་མང་བསྐྱོད་མཁན་གྱི་ང་ཚོ་ལྟ་བུར་བརྗོད་ན་བློ་ཧ་ཅང་བདེ་པོ་འདུག”ཅེས་ལའོ་ཧྥུང་གིས་བརྗོད།
ལྗོངས་གཟིགས་སྒང་དང་ཐག་མི་རིང་བའི་སར། ཇོ་པ་ལའི་ལམ་རྙིང་པ་ནས་ཁ་བྲལ་བའི་ལམ་བུ་གཞན་ཞིག་ཡོད་པ་དེ་ནི་སྨར་ཁམས་རྫོང་མཆོད་རྟེན་ཤང་སྲིད་གཞུང་གི་གནས་ས་མཆོད་རྟེན་གྲོང་ཚོར་སླེབས་ཀྱི་ཡོད། དེ་ཡང་ལམ་དེའི་མིག་སྔའི་བྱེད་ནུས་གཙོ་བོ་ཡིན།
ཁྲེན་ལིན་ཅེ་ཡིས“ཡིན་ནའང་2027ལོར་ཞིང་ཆེན་ལམ521ལམ་ཐིག་གི་རོང་མེ་ནས་ཆུ་ཚན་ཁ་ལམ་དུམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་མཇུག་འགྲིལ་ན། མཆོད་རྟེན་ཤང་དུ་འགྲོ་བར་རྫ་ཆུ་བརྒྱུད་ཤ་རེར་ལྷོ་ཕྱོགས་སུ་འགྲོ་བ་ལས་ཇོ་པ་ལ་བརྒལ་དགོས་མེད། ནགས་སྲུང་པ་སྐོར་སྲུང་བྱེད་པར་འགྲོ་བ་ཕུད། སྤྱིར་བཏང་བྱས་ན་རླངས་འཁོར་རི་ལ་འགྲོ་མཁན་མེད”ཅེས་བརྗོད།
གསར་འགོད་པར་ལམ་ཁའི་ངལ་གསོ་རྒྱག་ས་ནས་མཆོད་རྟེན་ཤང་འདན་པ་གྲོང་ཚོའི་ནགས་སྲུང་པ་ཉི་མ་འཕྲད་བྱུང་།
“ཁྱེད་ཚོ་ནི་དེ་རིང་སྔ་དྲོ་ནས་ད་བར་ཐུག་པའི་མི་ཁག་ཐེངས་དང་པོ་དེ་ཡིན། དེ་སྔོན་རི་ལ་སྐྱེལ་འདྲེན་བྱེད་མཁན་དང་། ཡུལ་སྐོར་དུ་ཡོང་མཁན། ཚོང་རྒྱག་མཁན་སོགས་མི་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་ནས་གྲོང་ཚོའི་ནང་ལས་འཁྲུག་པ་ཡོད། ང་ཚོ་ནགས་སྲུང་པའང་རི་ལ་ཡོང་ནས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བྱ་རྒྱུར་དགའ་པོ་ཡོད”ཅེས་བགྲེས་སོང་དེས་དགའ་སྤྲོའི་ངང་བརྗོད།
མི་ཉུང་དུ་སོང་རུང་ནགས་སྲུང་གི་འགན་འཁྲི་རྒྱབ་ཏུ་སྐྱུར་མི་རུང་། ཉི་མས་སྔར་བཞིན་ཉིན་ལྟར་རི་ལ་བསྐྱོད་དེ་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་རེད།
ཁུ་སིམ་མིར་གྱུར་པའི་ལམ་བུ་དེས་དུས་རབས་དར་རྒྱས་འགྲོ་བའི་རྣམ་པར་བདེན་དཔང་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།