དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལག་ལེན་ཁྲོད་ནས་འཕེལ་རྒྱས་ཀྱི་དབང་ཆའི་དགེ་མཚན་ཚོར་ཐུབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏའེ་ཝེ·ལོ་ཕེ་སི།   |     སྤེལ་དུས།  2026-04-02

    ཏའེ་ཝེ·ལོ་ཕེ་སི།

    2025ལོར། ང་ཀྲུང་གོ་ཅང་ཤིས་ཞིང་ཆེན་གྱི་གྲོང་ཚོ་དང་ཐོན་སྐྱེད་རྟེན་གཞིར་འཚམས་འདྲིར་བསྐྱོད་པ་ཡིན། དེའི་རིང་མྱོང་ཚོར་ཟབ་ཤོས་བྱུང་བ་ནི། ས་གནས་དེ་གའི་འཕེལ་རྒྱས་ལས་མངོན་གསལ་དོད་པའི་བརྒྱུད་རིམ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་རྒྱུན་འཛིན། དངོས་ཟོག་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་འཆར་འགོད་ཀྱི་སྒྲོམ་གཞི་གཅིག་པའི་ནང་བླུགས་ནས་མཉམ་དུ་སྐུལ་འདེད་བཏང་བ་དེ་རེད། ས་གནས་དེ་གར། སྲོལ་རྒྱུན་རིག་གནས་དང་། ཚན་རྩལ་གསར་གཏོད། སྡེ་ཁུལ་འཕེལ་རྒྱས་བཅས་དགེ་མཚན་ལྡན་པའི་མཉམ་འགུལ་ཐུབ་ནས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཐུན་མོང་སྐུལ་འདེད་བཏང་འདུག ང་རང་འཚམས་འདྲི་བྱ་ཡུལ་གྱི་སྨྱུག་རྩའི་རིག་གནས་ཁང་དང་འབྲས་ཞིང་ཉ་གསོའི་ཕྱོགས་བསྡུས་རྟེན་གཞི་ནི་འཕེལ་རྒྱས་གཏོང་སྟངས་དེའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་དང་། ས་གནས་ཀྱི་རིན་ཐང་ཆེ་རུ་གཏོང་བ། རིག་གནས་ཀྱི་མོས་སེམས་ལ་སྲུང་སྐྱོང་བཅས་བྱས་པ་བརྒྱུད། ཀྲུང་གོའི་གྲོང་གསེབ་ཀྱི་འཕེལ་རྒྱས་ལག་ལེན་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་དོན་སྙིང་དངོས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

    ངས་ད་དུང་ཀྲུང་གོའི་གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་ནི“ལྗང་མདོག་གི་མཛེས་རྒྱན་སྤྲས་པ”ཙམ་མ་ཡིན་པར། དམངས་འཚོའི་བདེ་རྩ་དང་རིག་གནས་རྒྱུན་མཐུད་ཀྱི་མ་ལག་འདུ་འགོད་ཡིན་པའང་ལྟ་ཞིབ་ཐུབ་བྱུང་། ན་ནིང་། ང་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ལིའུ་ཁེང་གྲོང་ཚོར་འཚམས་འདྲིར་བསྐྱོད་པ་ཡིན། ས་གནས་དེ་གའི་ལག་ལེན་ལས“བདེ་འཇགས་དང་། གཙང་སྦྲ། བདེ་ཐང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཁོར་ཡུག་གི་ཁེ་དབང་ལོངས་སྤྱོད”ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མངོན་པ་མ་ཟད། 《དཔལ་འབྱོར་དང་། སྤྱི་ཚོགས། དེ་བཞིན་རིག་གནས་བཅས་ཀྱི་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས》ནང་གཏན་འཁེལ་བྱས་པའི“རིག་གནས་འཚོ་བའི་ནང་ཞུགས་པའི་ཁེ་དབང”ཡང་དོན་འཁྱོལ་བྱས་ནས། ཁོར་ཡུག་སྲུང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་གཅིག་གྱུར་མངོན་ཡོད། འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཉམས་ཞན་ཚོགས་སྤྱིར་ཕོག་ཐུག་ཇེ་ཆུང་དང་སྡེ་ཁུལ་གྱི་སྒྲིག་གཞི་རྒྱུན་འཛིན་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱོད་པར་སྣང་ཆེན་བྱས་པ་བརྒྱུད། ཀྲུང་གོའི་གྲོང་གསེབ་ས་ཁུལ་དུ་འཕེལ་རྒྱས་ཀྱི་མཉེན་གཤིས་ཆེ་རུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་བསགས་ཡོད།

    ཀྲུང་གོའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞན་ཞིག་ནི་འཕེལ་རྒྱས་ཀྱི་བརྟན་ལྷིང་རང་བཞིན་དེ་ཡིན། བརྟན་ལྷིང་རང་བཞིན་དེ་འདྲ་བྱུང་དོན་ནི་ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་གཞི་ཁྱོན་ཆེ་རུ་ཕྱིན་པ་ཙམ་མ་ཟད། སྤྱི་ཚོགས་འགན་སྲུང་དང་། སྤྱི་པའི་སློབ་གསོ། སྤྱི་པའི་འཕྲོད་བསྟེན་སོགས་ལམ་ལུགས་ཀྱི་བཀོད་སྒྲིག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པས་ཡིན། བརྟན་ལྷིང་ནི་རང་བྱུང་ལྷུན་ཆགས་ཀྱི་རྣམ་པ་ཞིག་ཡེ་ནས་མ་ཡིན། དེ་ནི་རྒྱུན་ཆད་མེད་པར་སྒྲིག་གཞི་འཛུགས་སྐྲུན་བྱེད་དགོས་པའི་བརྒྱུད་རིམ་ཡིན། ཀྲུང་གོར་འཚམས་འདྲི་ཐེངས་མང་བྱེད་རིང་། ང་རང་གིས། ཀྲུང་གོས་རྒྱལ་ནང་གི་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་ལྟ་ཞིབ་ཐུབ་བྱུང་། དེ་ལྟ་བུའི་སྣ་འདུས་སྲིད་ཇུས་ནི་རྒྱལ་ཁབ་གཞན་དག་ཏུ་མཐོང་དཀའ་བ་ཞིག་རེད།

    རྒྱལ་སྤྱིའི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་དབང་ཆ་དེ་རྒྱལ་སྤྱིའི་དྲང་གཞག་གི་རྨང་རྡོར་བརྩི་དགོས། དོན་སྙིང་དེ་ནས་བརྗོད་ན། ཀྲུང་གོའི་ཕྱོགས་མང་མཉམ་ལས་ཀྱི་སྒྲོམ་གཞི་དར་སྤེལ་གཏོང་བ་དང་། དེའི་ཁོངས་སུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་འབོ་གསེར་མཉམ་ལས་ལམ་སྲོལ་རྒྱ་སྐྱེད་གཏོང་བ་སོགས་ཚུད་ཡོད་པ་དང་། དེ་ཚོ་ཚང་མས་དྲང་གཞག་བརྩོན་ལེན་དང་། ཕན་ཚུན་བརྩི་འཇོག སྣེ་མང་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་བཅས་ལ་ལག་ལེན་བསྟར་ཐུབ་པའི་ཇུས་གཞི་མཁོ་འདོན་བྱས་ཡོད། 2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རིང་། ང་ཚོས“འཕེལ་རྒྱས་ཀྱི་དབང་ཆར་སྲུང་སྐྱོང་བྱེད་པ་དང་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ཟུར་ཚོགས་ཤིག་ལ་ཞུགས་ཤིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་དབུལ་པོ་ཉུང་གཏོང་དང་ལག་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད། ཀྲུང་གོའི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ལག་ལེན་མང་པོ་ཞིག་རྒྱལ་ཁབ་ཁག་ལ་དཔྱད་གཞིའི་རིན་ཐང་ལྡན་པ་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཐོན་ཁུངས་ཀྱི་གཏོང་ཆ་དེ་སྤྱི་ཚོགས་ཀྱི་སྲིད་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ན། འཕེལ་རྒྱས་ཀྱི་དབང་ཆ་ད་གཟོད་འདུ་ཤེས་ནས་དོན་དངོས་སུ་གྱུར་ཐུབ། གནོན་ཤུགས་སྣ་ཚོགས་དང་། ལག་རྩལ་བཀག་སྡོམ། རིན་ཐང་ཕྲེང་འབྲེལ་བསྐྱར་གཏོད་སོགས་མཉམ་དུ་གནས་པའི་རྒྱལ་སྤྱིའི་གནས་བབ་ཁྲོད། ནང་ཁོངས་ཀྱི་གཉོད་ཆུང་ཆུང་དུ་ནུས་ལྡན་གཏོང་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་ན་ཕྱི་ཕྱོགས་ཀྱི་གནོན་ཤུགས་འགོག་པའི་ནུས་པའང་དེ་བས་ཆེ་བ་ཡོད། ཀྲུང་གོས་ལེགས་ཆ་དེ་ལ་བརྟེན་ནས། འཕེལ་རྒྱས་ཁྲོད་རང་ངོས་ཀྱི་འཕེལ་ཕྱོགས་བཟང་པོའི་གནས་བབ་གཏན་འཁེལ་ཐུབ་ཡོད།

    ང་རང་གིས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པའི་ལྟ་ཞིབ་དང་བསམ་གཞིག་ལས་བསྡོམས་ཚིག་གཅིག་རྙེད་པ་ནི། ཀྲུང་གོར། འཕེལ་རྒྱས་ཀྱི་དབང་ཆ་ནི་འབོད་ཚིག་ཙམ་མ་ཡིན་པར། དེ་ནི་དམངས་ཚོགས་ལ་ཕན་པ་བསྐྲུན་ཐུབ་པའི་སྤྱི་པའི་སྲིད་ཇུས་མ་ལག་ཅིག་ཡིན་པས། དེའི་ཕན་འབྲས་ནི་མངོན་གསལ་དོད་ཅིང་ཚང་མས་མཐོང་ཐུབ་ལ། རྒྱལ་སྤྱིའི་སྒྲིག་ལམ་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་པ་དེ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་གྲོས་གཞི་ཉིན་རེ་ལས་མ་འདས་པར་ཕྱི་འབྲེལ་འཐབ་འགྲན་དུ་གཞན་འགྱུར་བྱེད་པའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད། ང་རང་གིས། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་དང་མི་དུང་ཕྱུར་སྟོང་ཕྲག་མང་པོའི་ལྟོ་གོས་དང་འབྲེལ་བའི་ངོ་བོའི་རང་བཞིན་གྱི་གོང་འཕེལ་དེ་དག་ལ་མཐོང་ཆེན་བྱེད་དགོས་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    (རྩོམ་པ་པོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་ཚོགས་ཀྱི་བློ་འདྲི་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།