ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་ཕོང་དབྱང་བར་གྱི་ཐད་འཕུར་འགྲུལ་སྐྱེལ་མཁའ་ལམ་སླར་གསོ་བྱས་པ།
ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་30ཉིན་གྱི་སྔ་དྲོར། པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བའི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་CA121ཁྲའོ་ཞན་ཕོང་དབྱང་གི་ཧྲུན་ཨན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། དེས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ལོ་6སོང་རྗེས་པེ་ཅིང་ནས་ཕོང་དབྱང་བར་གྱི་ཐད་འཕུར་འགྲུལ་སྐྱེལ་མཁའ་ལམ་དངོས་སུ་སླར་གསོ་བྱས་པ་མཚོན་ཡོད། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཡཱ་ཅུན་གྱིས་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་ཁག་གཅིག་གི་སྣེ་ཁྲིད་པ་དང་། ཁྲའོ་ཞན་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཕྱི་ཕྱོགས་བྱ་གཞག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཡུས་ཀྲི་སོགས་གནམ་ཐང་དུ་དུས་གཏན་གནམ་གྲུ་དེའི་འགྲུལ་པར་བསུ་བ་ཞུ་བར་སླེབས་ཡོད།
ཝང་ཡཱ་ཅུན་གྱིས། ད་ཐེངས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་ལམ་སླར་གསོ་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་བཙུགས་ནས་ཀྲུང་གོ་དང་ཁྲའོ་ཞན་དབར་མི་སྣ་འགྲོ་འོང་དང་། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། 2026ལོའི་ཟླ་3ཚེས་30ཉིན་ནས་བཟུང་། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་ཕོང་དབྱང་བར་གྱི་ཐད་འཕུར་འགྲུལ་སྐྱེལ་མཁའ་ལམ་དུ་གཟའ་འཁོར་རེའི་གཟའ་ཟླ་བར་གནམ་གྲུ་ཐེངས་རེ་གཏོང་གི་ཡོད་པ་རེད། མིག་སྔར། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།