དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཁོར་རྒྱུག་ལྟེ་གནས་གང་མགྱོགས་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ལེ་ཝུན། ཧྥང་མིན།   |     སྤེལ་དུས།  2026-04-02

    ཧོ་ནན་ཤིན་དབྱང་གྲོང་ཁྱེར་ཀུའུ་ཧྲེ་རྫོང་དང་ཨན་ཧུའེ་ལིའུ་ཨན་གྲོང་ཁྱེར་ཡེ་ཅི་ཆུས་འབྲེལ་མཚམས་སུ་འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་ཤིང་། འདི་ག་ནི་རྒྱུ་ཆ་གསར་པ་དང་རིག་ནུས་ཁྱིམ་ཆས་སོགས་ཐོན་ལས་ཆེན་པོ་ལྔའི་ཚོ་འདུས་ཁུལ་ཞིག་ཏུ་གྱུར་ནས་ཁེ་ལས་ཀྱིས་ཞིང་ཆེན་བསྒྲལ་ཏེ་མཉམ་ལས་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་རིམ་འབྲེལ་གསབ་རེས་མངོན་འགྱུར་བྱུང་ཡོད།

    ཐོན་ཁུངས་ཞིང་ཆེན་བསྒྲལ་ནས་རང་འདོད་དུ་འཁོར་རྒྱུག་ཐུབ་པ་དང་། སྲིད་དོན་ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ་ཐུབ་པ། ཁེ་ལས་ཀྱིས་ལས་དོན་སྒྲུབ་པར་དེ་བས་སྟབས་བདེ་སྐྲུན་པ་སོགས། 2025ལོར་ཀུའུ་ཧྲེ་དང་ཡེ་ཅི་ས་གནས་གཉིས་པོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་586ལས་བརྒལ་ནས་མཐུན་སྦྱོར་མ་བྱས་གོང་ལས་15%འཕར་ཡོད། དེ་སྔའི་འཕེལ་རྒྱས་ཀྱི“མཐའ་ཟུར”དེ་ས་ཁོངས་ཀྱི“སྒུལ་ཤུགས་གསར་པར”གྱུར་པ་དེ་ནི་ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པ་ནི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཙམ་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་དགོས་མཁོ་ཡང་ཡིན”ཞེས་གསུངས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་ཐོགས་ས་འགག་ས་མཐའ་གཅིག་ཏུ་སེལ་བ་དང་ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་རའི་བགོ་བཤའ་མེད་པ་བཟོས་ནས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་ཚོང་ཟོག་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བདེ་བླག་ངང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་གཞིར་བཟུང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་བསྟར་ཇུས་གཞི་བཏོན་པ་དང་གཙོ་གནད་དོན་ཚན་ལ་འགག་སྒྲོལ་བྱས་ཏེ་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད།

    ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་བྱས་པས“ནང་ངོས་མཐུན་རྐྱེན”དེ“ཕྱི་ངོས་འདེགས་སྐྱོར”དུ་གྱུར་པ།

    ཀྲོའུ་ཁོའུ་གྲོང་ཁྱེར་ལུའུ་དབྱི་རྫོང་གི་ཁྲེང་མིང་བཟའ་བཅའི་ཐོན་ལས་གླིང་དུ་ཤ་སྒྲིལ་ཐོན་སྐྱེད་ལས་རིམ་དུ་ཐོན་སྐྱེད་མྱུར་པོ་བྱས་ནས་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་ཡོད་པའི་ཀུའོ་ཆོན་བཟའ་བཅའ(ཧྲང་ཧའེ)མ་རྐང་ཚད་ཡོད་ཀུང་སིར་མཁོ་འདོན་བྱེད་ཀྱི་ཡོད། དེ་གོང་ཁེ་ལས་ཀྱི་འགན་འཁུར་བ་དབྱང་མིང་ཁྲའོ་ཡིས་ཕ་ཡུལ་དུ་ལོག་ནས་མ་འཇོག་བྱ་རྒྱུར་བྲེལ་བ་ཆེན་པོ་དེ་ཙམ་བྱེད་ཀྱི་མེད། ཁོང་གིས“སྐབས་དེ་དུས་ངས་ཕ་ཡུལ་དུ་ལེ་ལག་ཚང་པོ་མེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་ལ། མུ་མཐུད་བབ་ལྟ་བྱེད་དགོས་སྙམ་བྱུང”ཞེས་བཤད།

    ནུས་ཤུགས་ཡོད་རྒུས་ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་བྱས་ཏེ“མངོན་མེད་ཀྱི་ཚད་གཞི”དང“ས་གནས་ཀྱི་བཀག་རྒྱ”མེད་པར་བཟོ་བ་དང་། འོས་སྐུལ་འོས་དཔོད་དང་ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་སོགས་དངོས་སྒྲུབ་ཀྱི་བྱ་ཐབས་རབ་དང་རིམ་པས་དབྱང་མིང་ཁྲའོ་ཕ་ཡུལ་དུ་ལོག་ནས་མ་འཇོག་བྱེད་པའི་གདེང་ཚོད་བརྟན་དུ་ཕྱིན་ཡོད།

    ཀུའོ་ཆོན་བཟའ་བཅའི་སྐུལ་ཁྲིད་འོག སི་ཁྲོན་ཝུའེ་ཧུང་སུར་པན་ལས་རིགས་དང་ཧྥུའུ་ཅན་དབན་ཧྲུན་བཟའ་བཅའ་སོགས་བཟའ་བཅའི་ཁེ་ལས་གཅིག་རྗེས་གཉིས་མཐུད་ལུའུ་དབྱི་རུ་བཟོ་གྲྭ་འཛུགས་པར་ཡོང་། 2025ལོར་གླིང་ཁུལ་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་ཡོད།

    ཧོ་ནན་ལ་ཁེ་ལས་དེ་བས་མང་བའི་དགའ་བསུ་ཐོབ་བཞིན་ཡོད་ཅིང་། 2025ལོར་ཞིང་ཆེན་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི་178.11གསར་དུ་བཙུགས་པའི་ནང་ཁེ་ལས་ཁྲི་58.18ཡོད་པ་དེ་དུས་མཚུངས་ལས་12.02%འཕར་ཡོད།

    རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བྱས་ཏེ“རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས”ཀྱིས“སྒུལ་ཤུགས་གསར་པར”སྐུལ་སློང་བྱས་པ།

    ཀྲེང་ཀྲོའུ་མཁའ་འགྲུལ་ལྟེ་གནས་ཀྱི་ཧྲེན་ལན་ཧའེ་སྐྱེ་དངོས་གསོ་རིག་ཚན་རྩལ་ཚད་ཡོད་ཀུང་སིའི་ཚོད་ལྟ་ཁང་དུ་ཚན་ཞིབ་པས་གསར་གཏོད་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟའི་རྣམ་གྲངས་མང་པོར་སྐུལ་སྤེལ་ཧུར་ཐག་གཏོང་བཞིན་ཡོད། པེ་ཅིང་ནས་ཡོང་བའི་ཁེ་ལས་དེས་ཧོ་ནན་གྱི་སྨན་གསར་ཞིབ་འཇུག་གསར་སྤེལ་གྱི་ནད་ཐོག་སྨན་བཅོས་ཚོད་ལྟའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསབས་ཡོད།

    ཁེ་ལས་གནས་སྤོ་བྱེད་སྐབས་ཧོ་ནན་གྱི་མ་འཇོག་ཐེབས་རྩ་ཞིག་གིས་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་ཧྲེན་ལན་ཧའེ་ཡི་མ་དངུལ་མང་དུ་བཏང་ཡོད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཚོགས་པ་ཀྲེང་ཀྲོའུ་རུ་ཡོང་ནས“ཀྲུང་ཡོན་དམིགས་བསལ་ཁུལ་གྱི་ཤེས་ལྡན་པའི་འཆར་གཞིར”དམིགས་ཏེ་ནང་འདྲེན་བྱས་པའི་རིམ་མཐོའི་ཤེས་ལྡན་པར་ཚད་གཞི་མི་འདྲ་བའི་ཤེས་ལྡན་པ་ནང་འདྲེན་གྱི་བབ་མཚུངས་འགྲོ་གྲོན་རག་ཡོད། 2025ལོར་ཧོ་ནན་གྱིས་ཁེ་ལས་གནས་སྤོར་སྟབས་བདེ་སྐྲུན་པའི་སྒྱུར་བཅོས་འགག་སྒྲོལ་གྱི་ལས་དོན་ཇུས་གཞི་བཏོན་པ་དང་། ཁེ་ལས་ས་ཁོངས་བསྒྲལ་ནས་གནས་སྤོ་བར“དྲ་གཅིག་ཀུན་སྒྲུབ་དང་ས་ཆ་གཉིས་ཁྱད་མེད་པ”མངོན་འགྱུར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    མ་དངུལ་འཁོར་རྒྱུག་ཐུབ་པ་བྱས་ནས་སྐྱེ་དངོས་སྨན་རྫས་འཕེལ་རྒྱས་ཐེབས་རྩ་6བཙུགས་པ་དེས་སྤྲོད་འགན་བླངས་པའི་དངུལ་འབོར་སྒོར་དུང་ཕྱུར་185ཟིན་པ་དང་། ཤེས་ལྡན་པ་འཁོར་རྒྱུག་ཐུབ་པ་བྱས་ནས་ཕྱོགས་ཡོངས་ནས་ཐེམ་ཐོ་སྒྱུར་ཆོག་པ་བཟོས་ཏེ“གཉིས་བསྐོས་གཉིས་བརྒལ”གྱི་ཤེས་ལྡན་པ་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་པ། གྲངས་གཞི་འཁོར་རྒྱུག་ཐུབ་པ་བྱས་ནས་རིག་རྩིས་ལྟེ་གནས་བསྐྲུན་ཏེ། ཞིང་ཆེན་རིམ་པའི་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་སྔོན་སྤེལ་ཁུལ་དུ་གྱུར་པ་སོགས། ལོ་ཁ་ཤས་རིང་། སྐྱེ་དངོས་སྨན་རྫས་རིགས་ཀྱི་ཁེ་ལས་100ལྷག་ཙམ་ཀྲེང་ཀྲོའུ་མཁའ་འགྲུལ་ལྟེ་གནས་སུ་ཐོ་བཀོད་གཞིས་ཆགས་ཐུབ་ཡོད་པ་རེད།

    གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཧོ་ནན་ཁྲོམ་རའི་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་དེ་བས་ནུས་ཆེར་གྱུར་ཡོད། 2025ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཀྱི་ས་ཆ་བེད་སྤྱོད་ཀྱི“ཚད་ལྡན་ས་ཆ”ནང་བཤུག་གཏོང་བའི་བསྡུར་ཚད་55.79%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.31འཕར་བ་དང་། “ཀྲེང་ཀྲོའུ་ལེགས་འདྲེས”ལས་སྟེགས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རིག་ནུས་ཅན་གྱི་མ་དངུལ་བསྡུ་རྒྱུག་བྱེད་ཚད་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ཏེ་ཀུན་ཕན་འབོར་ཉུང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4200ལྷག་ཙམ་ཟིན་རྒྱུར་སྐུལ་ཁྲིད་བྱས་ཡོད།

    རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་བྱས་ཏེ“འགྲིམ་འགྲུལ་དྲ་རྒྱ”ལ་བརྟེན་ནས“ཁྲོམ་ར་ཆེན་པོ”བསྐྲུན་པ།

    ཐོ་རེངས་ཆུ་ཚོད་2པར་ཧྲན་ཏུང་ཆིང་ཏའོ་གྲུ་ཁར་བཟུང་མ་ཐག་པའི་འགྲོན་དབྱིབས་སྡིག་སྲིན་སོས་པ་དག་དེ་རང་དུ་དབྱེ་གསེས་ཐུམ་སྒྲིལ་བརྒྱབ་ནས་ཆིང་ཏའོ་འབབ་ཚུགས་བྱང་མར་དབོར་བ་དང་། ཆུ་ཚོད་4དང་སྐར་མ་27ལ་འགྲོན་དབྱིབས་སྡིག་སྲིན་དེ་དག་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ནང་བླུགས་ནས་ཆུ་ཚོད་3སོང་རྗེས་ཀྲེང་ཀྲོའུ་རུ་འབྱོར། “ཐོ་རེངས་སུ་རྒྱ་མཚོ་ནས་བཟུང་བ་དང་དགུང་ཟས་སྐབས་སུ་གསོལ་ལྕོག་ཐོག་འགྱོགས་ཐུབ་ཡོད”ཅེས་ཀྲེང་ཀྲོའུ་མཁའ་འགྲུལ་ལྟེ་གནས་ཀྱི་ཀྲན་ཀྲང་གཞོན་པ་ཝང་པིང་ཆི་ཡིས་བཤད།

    “འགྲིམ་འགྲུལ་དྲ་རྒྱ”ལ་བརྟེན་ནས“ཁྲོམ་ར་ཆེན་པོ”བསྐྲུན་ཞིང་། ཧོ་ནན་གྱིས་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་མགྱོགས་སུ་བཏང་བ་དང་། མིག་སྔར་མྱུར་བགྲོད་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཚད་སྤྱི་ལེ་2200ལྷག་ཙམ་ཟིན་ཏེ་ཀྲེང་ཀྲོའུ་ལྟེ་བར་བྱས་པའི་མྱུར་བགྲོད་ལྕགས་ལམ་གྱི་ལམ་དྲ་དེ་རང་རྒྱལ་གྱི་དཔལ་འབྱོར་ས་ཁོངས་གཙོ་བོར་ཁྱབ་ཡོད། ཧོ་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཅང་གིས་ཧོ་ནན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལམ་དྲའི་གཞི་ཁྱོན་བསྡོམས་འབོར་སྤྱི་ལེ་ཁྲི་29.5ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཆ་ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བར་རྨང་བསགས་སྟོབས་འཕེལ་བྱེད་བཞིན་ཡོད་པ་སྟེ། ལུའོ་དབྱང་དུ་ཉིང་ཏེ་དུས་རབས་ཀྱི་སྒོར་དུང་ཕྱུར་བརྒྱ་རིམ་པའི་ནུས་རྒྱུ་གསར་པའི་གློག་རྫས་རྣམ་གྲངས་གཞིས་ཆགས་པ་དང་། ཀྲུའུ་མཱ་ཏན་དུ་ཁྲུང་ཆིང་ཧེང་ཏུའུ་ཞིང་ལས་ཚོགས་པས་བཟའ་བཅའ་ལས་སྣོན་རྟེན་གཞི་བཙུགས་པ། སན་མོན་འགག་ཏུ་ཧོ་ནན་དང་ཧྲའན་ཤིས་ཀྱི་མཉམ་ལས་སྔོན་སྤེལ་ཚོད་ལྟའི་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་ཁེ་ལས་120ལྷག་ཙམ་གྱིས་ཤིས་ཨན་གྱི་མཐོ་སློབ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་སོགས་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་དེ་བས་མཉམ་འདྲེས་ཧུར་ཐག་དང་ཞབས་འདེགས་ཞུས་ཏེ་ཧུར་སེམས་ཆེན་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཁོར་རྒྱུག་ལྟེ་གནས་མགྱོགས་མྱུར་བསྐྲུན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་རྒྱུན་འཁོར་གཉིས་ཀྱི་འདེགས་སྐྱོར་གཏོད་རྒྱུ་ཡིན”ཞེས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།