ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དམག་སྡེ་གྲོང་ཚོར་དཔལ་འབྱོར་དང་ཤེས་དཔལ་དར་བའི་རྣམ་པ་གསར་པ་མངོན་པ།
“སྐར་གསོག་ལམ་ལུགས་ཆུང་ཆུང”གིས“ཤེས་དཔལ་ཆེན་པོར”སྐུལ་འདེད་བཏང་ནས་ཁྲོམ་བཀྱག་ཡུལ་ལྗོངས་སུ་གྱུར་པ།

འདི་ནི་དམག་སྡེ་གྲོང་ཚོའི་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་ཁྲོམ་བཀྱག་ཡིན་པ།
ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་བྲག་རི་གཡང་གཟར་གྱི་ཁྲོད་དུ་ཆགས་པ་དང་ཀྱག་ཀྱོག་ཆེ། ལམ་དེའི་སྣེ་གཅིག་རིའི་ཕ་རོལ་གྱི་འཇིག་རྟེན་དང་སྦྲེལ་ཞིང་། སྣེ་གཞན་ཞིག་འཕེལ་རྒྱས་ཀྱི་རེ་འདུན་དང་སྦྲེལ་ཡོད། རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་10ལྷག་ཙམ་གྱི་རིང་། “ཚེ་སྲོག་གི་ལམ་ཐིག”དེ་རིམ་བཞིན་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོའི་ཚ་ཁུལ་ཤིང་ཏོག་དང་། ཇ་ལོ། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བཙོངས་ནས་ཡོང་འབབ་གསོག་སའི་ཕྱུག་འགྱུར་ལམ་བུར་གྱུར་ཡོད། ཡུལ་སྐོར་བ་གང་དུ་ཡོད་ན་དེ་གར་ཤིང་ཏོག་སོགས་ཚོང་བའི“གཞུང་ལམ་དཔལ་འབྱོར”གཉེར་བས་ཡུལ་མིའི་ཡོང་འབབ་ཉིན་རེ་ལས་མ་འདས་པར་ཇེ་མང་དུ་འགྲོ་བཞིན་ཡོད།
ཡིན་ནའང་། འཁྲུག་ཆ་དོད་པའི་ཚོང་འདུས་དེར་ཁྲོམ་བཀྱག་གང་བྱུང་དུ་བཙུགས་པ་དང་རིན་གོང་གང་བྱུང་དུ་སྤོར་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད། “དོ་དམ་བྱས་དྲགས་ན་མི་འགྲིག་ལ་ལྷུག་དྲགས་ནའང་མི་འགྲིག་པས”ཡང་སྙིང་བཅོས་སྒྲིག་གི་དཀའ་གནད་དེ་ཇི་ལྟར་སེལ་དགོས་སམ།
འདྲི་ཞིབ་ཐེངས་མང་བྱས་མཐར་གྲོང་སྡོད་ལས་དོན་རུ་ཁག་གིས“སྐར་གསོག་ལམ་ལུགས་ཆུང་ཆུང”གིས“ཤེས་དཔལ་ཆེན་པོར”སྐུལ་འདེད་བཏང་སྟེ། “སྤྱི་ཆིངས་དང་། སྐར་གསོག སྐུལ་ལྕག”བཅས་ཟུང་དུ་འབྲེལ་བའི་ཚད་ལྡན་དོ་དམ་གྱི་སྣ་མང་ཐབས་བཟང་འཚོལ་ཞིབ་ཐུབ་ནས། དེ་སྔོན་ཟང་ཟིང་ཆེ་བའི་ཁྲོམ་བཀྱག་ད་ཆ་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་ཡུལ་ལྗོངས་སུ་གྱུར་ཡོད།
“དམངས་ཀྱི་དོན་དག་དམངས་དང་གྲོས་བསྡུར་བྱས་ཏེ་སྒྲུབ་དགོས” གྲོང་སྡོད་ལས་བྱེད་པས་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་ཁྲོམ་བཀྱག་གི་བདག་པོའི་བསམ་འཆར་ལ་ཉན་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་དང་གྲོས་བསྡུར་བྱས་ཏེ། མང་ཚོགས་ཀྱི་སེམས་ནང་གི“རྒྱུ་མཚན”ཤོག་ཐོག་གི“ཡི་གེར”གྱུར་བ་དང་། མཐར་གོ་བདེ་ལ་ངེས་སླ་བའི་ཡིག་འབྲུ་བཞི་བཅུའི་གཉེར་སྐྱོང་སྤྱི་ཆིངས་གཏན་འཁེལ་བྱས་པ་རེད།
དེའི་རྨང་གཞིའི་ཐོག གྲོང་སྡོད་ལས་དོན་རུ་ཁག་གིས“ཞིང་འབྲོག་པའི་རྣམ་པ་གསར་པའི་སྐར་གསོག་ལམ་ལུགས”ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། “སྐར་གསོག་དོ་དམ་བྱ་ཐབས”བཏོན་པ་དང་སྤྱི་ཆིངས་ཀྱི་ནང་དོན་དག་ཞིབ་ཕྲའི་དཔྱད་ཞིབ་དམིགས་ཚད་ཁག་22བཟོས་ཏེ། སྐར་གསོག་ལམ་ལུགས་ལ་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་ལས་དོན་གང་ཞིག་བསྒྲུབས་ཀྱང་གཞི་འཛིན་ས་ཡོད་པར་བྱས་ཡོད། དཔེར་ན། ཁྲོམ་བཀྱག་བསྡུ་གསོག་ཡག་པོ་བརྒྱབ་སྟེ་གཙང་སྦྲ་དོད་པོ་ཡོད་ན་སྐར་མ་སྣོན་པ་དང་། རང་འགུལ་ངང་འོས་འགན་གསལ་འགྲེལ་པ་བྱས་ན་སྐར་མ་སྣོན་པ། ཐད་གཏོང་བྲིན་ཚོང་བྱས་ནའང་སྐར་མ་སྣོན་པ་བཅས་དང་། བདེ་འཇགས་དང་བདེ་སྐྱོང་ཐད་གནད་དོན་ཐོན་ཚེ་སྐར་མ་ཡོངས་རྫོགས་མེད་པར་བཟོ་བ་སོགས་རེད།
ཡུལ་མིར་མཚོན་ན། སྐར་གསོག་བྱ་ཐབས་དེ་ནི་ཤོག་ཐོག་གི་ཡིག་ཆ་སྟོང་པ་ཞིག་མ་ཡིན་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཞིག་ཡིན་ཏེ། སྐར་མ་1གིས་སྒོར་5རི་བའི་དངོས་ཟོག་བརྗེ་ཆོག་པ་དང་། སྐར་མ་མང་པོ་གསོག་ཐུབ་ན། གྲོང་ཚོའི“སྐར་གསོག་ཚོང་ཁང”ནས་བཟའ་སྣུམ་དང་འབྲས་སོགས་ག་དུས་ཡིན་ཡང་བརྗེ་ཆོག་གི་ཡོད།
ཡུལ་མིའི་ཧུར་སེམས་སྔར་བས་ཆེ་རུ་གཏོང་ཆེད། དམག་སྡེ་གྲོང་ཚོས་སྐར་གསོག་དང་ཁེ་འབབ་འབྲེལ་བ་དམ་ཟབ་བྱས་ཏེ། སྤྱོད་ཚུལ་བཟང་པོར་ཁེ་འབབ་དེ་བས་མང་བ་རག་ཐབས་བྱེད་ཀྱི་ཡོད།
གྲོང་ཚོས་ལོ་ཕྱེད་ནང“གསེར་གྱི་སེ་འབྲུའི་ཡིད་རྟོན་དཔེ་སྟོན་ཁྲོམ་བཀྱག”ཐེངས་གཅིག་འདེམས་ཀྱི་ཡོད་པ་དང་། སྐོར་སྐྱོད་དར་དམར་རག་ན་ཁྲོམ་བཀྱག་བདག་པོར་ཁས་ལེན་ཐོབ་པ་ཙམ་མ་ཟད། ཡུལ་སྐོར་བའི་ཡིད་དབང་ཡང་འགུག་ཐུབ། གྲོང་ཚོའི་མཉམ་སྡེབ་ཀྱི་ལོ་ཧྲིལ་པོའི་ཁེ་སྤོགས་བགོ་འགྲེམས་རྒྱག་སྐབས་ལོ་འཁོར་མོའི་སྐར་གསོག་མང་ཤོས་གསུམ་ལ་ཐོབ་ཆ་མང་བ་ལེན་རྒྱུ་ཡོད་པ་དང་། སྐར་གསོག་མང་པོ་ཡོད་ན་ཁྲོམ་བཀྱག་གསར་པ་དང་ས་ཆ་ལེགས་ས་སྔོན་ལ་འདེམས་ཆོག་པ་དང་གྲོང་ཚོས་ཀྱང་སྔོན་ལ་ཚོང་འདྲེན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
སྐར་གསོག་ལམ་ལུགས་ཀྱིས་ཤེས་དཔལ་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཞིང་། དམག་སྡེ་གྲོང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ཀྱང་ཧ་ཅང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས“2025ལོར། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་480ལྷག་ཙམ་ཟིན་པ་དེ་སྐར་གསོག་ལམ་ལུགས་ཀྱིས་ཤེས་དཔལ་འཕེལ་རྒྱས་ལ་སྦྱིན་པའི་ནུས་ཤུགས་ཆེན་པོ་དེ་དང་ཁ་འབྲལ་ཐབས་མེད”ཅེས་བརྗོད།
སྐར་གསོག་ལམ་ལུགས་ལ་བརྟེན་ནས་དམག་སྡེ་གྲོང་ཚོའི“གཞུང་ལམ་དཔལ་འབྱོར”ལ་རྣམ་པ་གསར་པ་མངོན་ཞིང་། ད་ཆའི་དམག་སྡེ་གྲོང་ཚོའི་གཞུང་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ། ཁྲོམ་བཀྱག་གྲལ་སྟར་འགྲིག་ཅིང་ཤིང་ཏོག་ཀྱང་སྣ་ཁ་མང་བས། ཡུལ་དེ་གར་སླེབས་པའི་ཡུལ་སྐོར་བ་ཚང་མས“ས་ཆ་འདི་དེ་འདྲའི་མཛེས་པ་ལ་ཨང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།