《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས》ཞེས་པ་འཁོད་ཡོད་པ་རེད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2026ལོའི་ཟླ་2པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་དང་འབྲེལ་བ་ཡོད། སྲིད་དོན་ལས་རྗེས་བཟང་པོར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཚེ། གཞི་ནས་ཏང་གི་དམིགས་ཡུལ་ལག་བསྟར་ཡག་པོ་བྱེད་ཐུབ་པ་མ་ཟད། ཏང་གི་ལོ་རྒྱུས་འོས་འགན་ཡང་ལེགས་གྲུབ་ཡག་པོ་བྱེད་ཐུབ། དོན་དངོས་དང་བསྟུན་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དངོས་སྒྲུབ་དཀའ་སྒྲུབ་ལ་བརྟེན་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པ་དང་། མི་དམངས་ལ་དངོས་འབྲེལ་བདེ་སྐྱིད་སྐྲུན་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཀྱི་ལས་རྗེས་གཏོད་དགོས།
རྩོམ་ཡིག་ནང་བསྟན་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཏང་གཤིས་ཀྱིས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཐུབ། ཏང་གཤིས་ཟབ་མིན་ལ་ཚད་འཇལ་བྱེད་པའི་རྩ་བའི་ཐིག་ཤིང་ནི་གཞུང་སྒེར་གཉིས་རེད། ཏང་གཤིས་བརྟན་པོ་ལྡན་པ་དང་སྒེར་སེམས་དོར་ཚེ། གཞི་ནས་སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཡོང་མི་སྲིད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་འོས་འགན་དང་ལས་འགན་མངོན་འགྱུར་བྱ་རྒྱུ་ནས་འགོ་བརྩམས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་ཁ་བྲལ་ཡོད་མེད་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་རྒྱབ་འགལ་བྱས་ཡོད་མེད། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་དང་ཁ་བྲལ་ཡོད་མེད། རྒྱལ་བབ་དང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཁ་བྲལ་ཡོད་མེད་བཅས་མཐོང་བ་བྱས་ཏེ་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་སྙིང་སྟོབས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། གུང་ཁྲན་ཏང་མིས་ངེས་པར་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་བློ་ལ་བརྟན་པོར་ངེས་དགོས།བྱ་གཞག་སྒྲུབ་པ་དང་སྲིད་དོན་ལས་རྗེས་འཇོག་པ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་ཡིན་པ་ལས། སྒེར་ལ་གོ་གནས་འཕར་ཆེད་དང་ཐོབ་ཤོར་གྱི་ཆེད་དུ་མིན། ལས་དོན་ཇུས་འགོད་བྱས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འདོད་བློ་ལྟར་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་དགོས། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱེད་པ་ལས། སྲིད་དོན་ལས་རྗེས་ཐད་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པ་་དང་། མི་བདེན་རྫུན་སྒྲིག རྨོངས་ཚོད་ཡ་ཡུག་བཅས་མི་བྱེད་པ་དང་དཔོན་པོ་གསར་པས་གནད་དོན་རྙིང་པར་ཁ་ཡ་མི་བྱེད་པ་དང་། “རྟགས་མཚོན་ལས་གྲྭ”དང“བྱས་རྗེས་ལས་གཞི”གཏན་འགོག་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བའི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་རིམ་བཞིན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་མེད་ན་སྒྲུབ་མི་ཐུབ། བརྟན་པོ་དང་ཡར་རྒྱས་དང་། འཛུགས་པ་དང་གཏོར་བ། རྫུན་མ་དང་བདེན་པ། ཚད་གཞི་དང་རྩ་བ། ཉེ་བ་དང་རིང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀོད་འདོམས་ནུས་པ་ཡག་པོ་འདོན་པ། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡང་དག་པའི་ལས་ཀའི་སྟོན་ཕྱོགས་ཆགས་པར་བྱེད་དགོས། ཁྱད་པར་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་འདེམས་ཀྱི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་བཏང་ནས“གྲངས་གཞི་ལས་དཔོན་པོ་ཐོན་པ་དང་དཔོན་པོ་ལས་གྲངས་གཞི་ཐོན་པའི”འཁོར་རྒྱུག་ངན་པ་གཏན་འགོག་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ། ས་གནས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་རིམ་པར་སྐབས་བརྗེ་བའི་ལོ་ཡང་ཡིན་པས། སློབ་སྦྱོང་སློབ་གསོར་བརྟེན་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་ལ་ཁ་ཚ་དགོས་གཏུགས་ཤིག་ཀྱང་རེད། སློབ་སྦྱོང་སློབ་གསོ་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་དུ་བརྩིས་ནས་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་པ་སྟེ། གཅིག་ནི་ནན་ལ་ཏན་ཏིག་གི་སྒོ་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐོག་ནས་སྲིད་དོན་ལས་རྗེས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཐོན་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་བསྡུར་བ། ཉམས་མྱོང་དང་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཅས་ཀྱི་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། གཉིས་ནི་ནན་ལ་ཏན་ཏིག་གི་སྒོ་ནས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་དགོས། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་ལ་དམ་པོར་དམིགས་ཏེ། སློབ་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གནད་དོན་ཞིབ་བཤེར་དང་བཙལ་འཚོལ་བྱས་ཏེ་གནད་སྨིན་དངོས་སྒྲུབ་ལ་བརྟེན་ནས་བཅོས་སྒྲིག་ལ་དམ་འཛིན་བྱེད་དགོས། གསུམ་ནི་ནན་ལ་ཏན་ཏིག་གི་སྒོ་ནས་ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་དགོས། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོའི་ཞིབ་བཤེར་བཅོས་སྒྲིག་གི་གནད་དོན་ཁྲོད་ནས་ལམ་ལུགས་ཀྱི་ཆད་སྐྱོན་དང་ཞན་ཆ་ཤེས་རྟོགས་བྱེད་པ་དང་། ལམ་ལུགས་དང་སྒྲིག་ལམ་ཁ་གསབ་བྱས་ནས་ཡག་པོ་འཛུགས་པ། གང་ཞིག་སྒྲུབ་ཆོག་པ་དང་། གང་ཞིག་སྒྲུབ་མི་ཆོག་པ། སུའི་ཆེད་དུ་སྒྲུབ་པ། ཇི་ལྟར་སྒྲུབ་དགོས་པ་བཅས་ཁ་གསལ་ཡོང་བ་བྱེད་པ། འགན་འཁྲི་བདའ་འདེད་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལམ་ལུགས་ནན་དུ་བཏང་སྟེ་ཁྲིད་སྟོན་ལྕག་སྐུལ་དང་ཚད་ལྡན་གཅུན་འདོམས་ཀྱི་ནུས་པ་འདོན་དགོས།
འབྲེལ་ཡོད་གསར་འགྱུར།