དབུ་ཤོག
  • ཁ་ལོ་བ་ཚོ། གཏན་འབེབས་འདི་ཟླ6ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་རེད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-31

    ཉེ་ཆར། སྤྱི་བདེ་པུས《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ངལ་དུབ་འཁོར་གཏོང་ངོས་འཛིན་གཏན་འཁེལ་གྱི་སྒྲིག་སྲོལ》(GA/T2372-2026)གཏན་འབེབས་གསར་པ་དངོས་སུ་བཀྲམ་ཞིང་། ཟླ་6ཚེས་1ཉིན་ནས་རྒྱལ་ཡོངས་སུ་ལག་ལེན་བསྟར་རྒྱུ་རེད། དེས“འཁོར་རིགས་གཏོང་ཡུན་ཁོ་ནར་བརྟེན་པའི”ཐབས་ཤེས་རྙིང་པ་མ་སྤྱད་པར་རླངས་འཁོར་གཏོང་སྟངས་དང་། ལུས་པོའི་གནས་ཚུལ། འཚོ་བའི་གནས་ཚུལ་བཅས་ཕྱོགས་གསུམ་ནས་གང་རུང་ཞིག་ཡོད་ཚེ་ངལ་དུབ་འཁོར་གཏོང་ལ་བརྩི་གི་ཡོད་པ་རེད།

    གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ། ངལ་དུབ་འཁོར་གཏོང་ལ་བརྩི་རྒྱུ་སྟེ།

    a) འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་བསྟུད་མར་འཁོར་རིགས་ཆུ་ཚོད་4ལྷག་ཙམ་བཏང་བ་མ་ཟད། དེའི་རིང་ངལ་གསོ་བརྒྱབ་མེད་པའམ་ཡང་ན་ངལ་གསོ་སྐར་མ་20ལས་ཉུང་བ་བརྒྱབ་པ།

    b) འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་དགོང་མོའི་ཆུ་ཚོད་22:00ནས་ཕྱི་ཉིན་གྱི་ཐོ་རེངས་ཆུ་ཚོད་6:00བར་བསྟུད་མར་འཁོར་རིགས་ཆུ་ཚོད་2ལྷག་ཙམ་བཏང་བ་མ་ཟད། དེའི་རིང་ངལ་གསོ་བརྒྱབ་མེད་པའམ་ཡང་ན་ངལ་གསོ་སྐར་མ་20ལས་ཉུང་བ་བརྒྱབ་པ།

    c) འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་ཆུ་ཚོད་24ཡི་ནང་ཚུན་དུ་འཁོར་རིགས་ཆུ་ཚོད་8ལས་བརྒལ་ནས་བཏང་བ།

    མཆན། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞེས་པ་ནི་འགྲུལ་པ་སྐྱེལ་འདྲེན་བྱེད་མཁན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་གོ་དགོས།

    འགྲིམ་འགྲུལ་ལས་འཛོལ་ཐོན་དུས། ཉེན་ཁ་ལས་གཡོལ་ཐུབ་ཀྱི་ཡོད་ཀྱང་ཉེན་གཡོལ་བྱེད་ཐབས་ནུས་ལྡན་སྤྱད་མེད་པའི་ཁ་ལོ་བར་གཤམ་གསལ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ། ངལ་དུབ་འཁོར་གཏོང་ལ་བརྩི་ཆོག་པ་སྟེ།

    a) ཁ་ལོ་བས་འཕྲུལ་སྒུལ་འཁོར་རིགས་བཏང་ནས་ལས་འཛོལ་མ་ཐོན་གོང་གི་སྐར་མ་10ཡི་ནང་ཚུན་དུ་དཀའ་ལས་ཁག་ནས་མིག་ཟུམ་འགྲོ་བའམ་ཡང་ན་དཀའ་ལས་ཁག་ཚད་ཀླད་དཔྱད་གློག་རླབས་ཀྱི་བརྡར་གཅོད་ཀྱི་གྲངས་ཐང་30ལས་དམའ་བ་ཡོད་པ་ལྟ་ཞིབ་ཚད་ལེན་སྒྲིག་ཆས(གློག་མིག་དང་ཀླད་དཔྱད་སྒྲིག་ཆས་ཚུད་པ་མ་ཟད། སྒྲིག་ཆས་གཞན་དག་ཀྱང་ཡོད་པ)ཀྱིས་ཚད་འཇལ་ཐུབ་པ།   མཆན། གཟུགས་པོ་དཀའ་ལས་ཁག་ནས་མིག་ཟུམ་འགྲོ་བ་ཞེས་པ་ནི་ཁ་ལོ་བ་དཀའ་ལས་ཁག་ཐག་ཆོད་ནས་མིག་རང་བཞིན་གྱིས་ཟུམ་པ་མ་ཟད། མིག་སྐར་ཆ་2ཡན་ཟུམ་པར་གོ་དགོས།

    b) འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བས་དཀའ་ལས་ཁག་ཐག་ཆོད་ནས་རིག་པ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་རུང་སྔར་བཞིན་རླངས་འཁོར་བཏང་བ་ངོས་འཛིན་ཁ་གསལ་བྱུང་བ།

    c) རླངས་འཁོར་མ་བཏང་གོང་། ཁ་ལོ་བ་གཉིད་ཡག་པོ་ཁུག་ཡོད་མེད་དང་། དེ་བཞིན་ལས་ཀ་དང་། བཟའ་བཏུང་། སྨན་བཟས་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་བརྒྱུད། ཉོབ་མདངས་ཕྲན་ཙམ་ཡོད་པ་དང་། དཀའ་ལས་ཅུང་ཟད་ཁག་པ། དཀའ་ལས་ཁག་ཐག་ཆོད་པ་བཅས་ནས་གཅིག་གམ་ཡང་ན་དེ་ལས་མང་བ་ཡོད་པ་ངོས་འཛིན་བྱུང་བ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།