ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་2026ལོའི་ལོ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་སྐུ་མགྲོན་གྱིས་ཀྲུང་གོའི་སྐོར་གླེང་བ།
ཀྲུང་གོ་ནི་འཛམ་གླིང་གི“རྨང་རྡོ་བརྟན་པོ”དང“ལྷིང་འཇགས་ཀྱི་མཚོ་ཁུག”ཅིག་རེད།
ཟླ་3ཚེས་22དང་ཚེས་23ཉིན། ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་2026ལོའི་ལོ་ཚོགས་པེ་ཅིང་དུ་འཚོགས་ཤིང་། རྒྱལ་སྤྱིའི་རྩ་འཛུགས་དང་། འཛམ་གླིང་གི་རྒྱལ་སྒྲོལ་ཁེ་ལས་སྟོབས་ཆེན་500 དེ་བཞིན་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་བཅས་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་བྱེད་ཐབས་གསར་པ། གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གོ་སྐབས་གསར་པ་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ཀྲུང་གོས་འཕར་སྣོན་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་བཏོན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་སྣོན་རྒྱུ་ཡིན་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱས་པ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དེ་ནི་འཛམ་གླིང་གི“གཏན་འཁེལ་རང་བཞིན་གྱི་རྨང་རྡོ”དང“བརྟན་ལྷིང་རང་བཞིན་གྱི་མཚོ་ཁུག”ཅིག་རེད། ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་ར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཁ་ཕྱོགས་གཅིག་གཏད་བྱས་ཏེ་བསྐྱོད་རྒྱུ་རེད།
“གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་། འཕར་སྣོན། ཚོང་དོན། དེ་བཞིན་ལག་རྩལ་འཕོ་འགྱུར་བཅས་ཀྱི་སྟོབས་ཤུགས་བརྟན་པོ་དང་སྲོག་ཤིང་གི་སྒུལ་ཤུགས་སུ་འགྱུར་བར་བྱས་པ”
རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་རྗེས་གཉེར་བའི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་གླེང་སྟེགས་ཆེ་གྲས་ཐོག་མ་ཡིན་པའི་སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“‘ལོ་ལྔ་ཚན་བཅོ་ལྔ་པའི’ཀྲུང་གོ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གོ་སྐབས་གསར་པ་མཉམ་དུ་གཏོད”ཅེས་པ་དེ་རེད། ཉིན་གཉིས་ཀྱི་ཚོགས་འདུའི་རིང་། ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་13དང་སྒོ་རྒྱག་ཚོགས་འདུ་མང་པོ་འཚོགས་ཤིང་། ཕྱོགས་ཁག་གི་སྐུ་མགྲོན་ཚོས་གཞི་ཆེའི་སྲིད་ཇུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། འཛད་སྤྱོད་འཕར་བའི་འཕེལ་ཕྱོགས་གསར་པ་དང་གོ་སྐབས་གསར་པ། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། ལག་རྩལ་གསར་གཏོད་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས། བཟོ་སྐྲུན་ལས་རིགས་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ“ཡིད་ཆེས་ཀྱི་འདེམས་ཤོག”འཕངས་པ་རེད།
ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཏི་མུའུ·ཁུའུ་ཁེ་ཡིས། “རང་ཉིད་ཀྲུང་གོར་འཚམས་འདྲི་བྱེད་པར་ཐེངས་མང་ཡོང་མྱོང་། ཀྲུང་གོར་ཡོང་རིམ་བཞིན་ཀྲུང་གོའི་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་གསོན་ཤུགས་ལ་མྱོང་ཚོར་ཟབ་མོ་བྱུང་། ཀུ་ཤུ་ཀུང་སིས་ཀྲུང་གོའི་གཟེངས་སུ་ཐོན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་ཆེས་ཆེན་པོ་ཡོད་པས། ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་ལ་གཞོལ་གྱི་ཡིན”ཞེས་བརྗོད།
“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས་གསོན་ཤུགས་ཆེ་བའི་གསར་གཏོད་ཀྱི་ཁོར་ཡུག་ལྡན་ཡོད”ཅེས་པའོ་མཱ་ཚོགས་པའི་ཏུང་ཧྲི་ཀྲང་ཆི་ཕུའུ་ཚེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་ལོའི་ལོ་སྨད་དུ་པའོ་མཱ་ཀུང་སིས་ཀྲུང་གོའི་ཁྲོམ་རར་རབས་རྗེས་མའི་རླངས་འཁོར་འདོན་རྒྱུ་ཡིན་པ་དེ་ནི་པའོ་མཱ་ཀུང་སིས་ཀྲུང་གོར་རང་ཡུལ་ཅན་དུ་འགྱུར་ཚད་མཐོ་ཤོས་ཀྱི་ཐོན་རྫས་སུ་འགྱུར་ངེས་རེད། པའོ་མཱ་ཀུང་སི་དང་ཀྲུང་གོའི་རོགས་ཟླས་ཞིབ་འཇུག་གསར་སྤེལ་ནས་མཁོ་སྤྲོད་འཁོར་འབྲེལ་དང་། དེ་ནས་གྲངས་གཞིའི་སྐྱེ་ཁམས་མ་ལག་བར་མཉམ་ལས་གཏིང་ཟབ་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཐོན་ལས་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད་པ་མངོན་ཡོད།
“གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་ཡུན་རིང་འབྲིང་འཕར་བར་གཏན་འཁེལ་རང་བཞིན་དང་སྔོན་དཔག་ཐུབ་པའི་རང་བཞིན་མཁོ་འདོན་བྱས་པ”
ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་ལ་རེ་སྒུག་བྱེད་པའི་སྐོར་འདྲི་སྐབས། ཕྱི་ཕྱོགས་ཀྱི་སྐུ་མགྲོན་མང་པོ་ཞིག་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་དམིགས་ནས་ལན་འདེབས་ཀྱི་ཡོད།
ཀྲ་ཏ་ཚོགས་པའི་སྲིད་འཛིན་ཙུང་ཚའེ་དབུན་ཐུའོ་སི་ཡིས། “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་ནང་ཀྲུང་གོས་གསར་གཏོད་ལ་སྐུལ་འདེད་དང་། ཐོན་སྐྱེད་ནུས་ཤུགས་གསར་མ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་དམིགས་པའི་བརྡ་རྟགས་གསལ་པོ་བསྟན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གཏན་འཁེལ་རང་བཞིན་ཆེ་རུ་འགྲོ་བ་དང་སྒུལ་ནུས་མགྱོགས་མྱུར་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་ཡུན་རིང་འབྲིང་འཕར་བར་གཏན་འཁེལ་རང་བཞིན་དང་སྔོན་དཔག་ཐུབ་པའི་རང་བཞིན་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་གསར་གཏོད་དང་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཚོང་དོན་དང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སོགས་ཁྱབ་ཁོངས་སུ་གོ་ལ་ཧྲིལ་པོར་གོ་སྐབས་དེ་བས་མང་བ་གཏོད་ཀྱི་ཡིན་ཞེས་བརྗོད།
མའེ་ཏུན་ལིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཅེ་ཧྥུའུ·མཱ་ས་ཡིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་དང་དགོས་མཁོ་དངོས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། མའེ་ཏུན་ལི་ཀུང་སིས་མུ་མཐུད་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་གོར་ཡོད་པའི་རིན་ཐང་གི་འཁོར་འབྲེལ་ཧྲིལ་པོའི་བཀོད་པར་བརྟེན་ནས་རྒྱུན་མཐུད་མ་འཇོག་དང་མཉམ་ལས་གཏིང་ཟབ་བྱེད་ཀྱི་ཡིན་ཞེས་བརྗོད།
“ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་སྔར་བྱུང་མྱོང་མེད་པའི་ཁྲོམ་རའི་བར་མཐོངས་དང་མཉམ་ལས་ཀྱི་གོ་སྐབས་བཏོད་པ”
ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུང་གོས་འཛམ་གླིང་གི“གཏན་འཁེལ་རང་བཞིན་གྱི་རྨང་རྡོ”དང“བརྟན་ལྷིང་རང་བཞིན་གྱི་མཚོ་ཁུག”ཅིག་བྱེད་པར་གཞོལ་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་ཕྱོགས་ཁག་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྟོབས་ཆེར་བཏང་ཡོད་ཅེས་བརྗོད།
“ཀྲུང་གོའི་ཁྲོམ་རའི་གཏན་འཁེལ་རང་བཞིན་ནི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་པའི་རྨང་རྡོ་ལྟ་བུ་ཡིན”ཞེས་ཐེ་ལན་ཐེན་སི་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཞུས་ཤིན་ཞུང་གིས་བརྗོད་པ་དང་། ཁོང་གིས་ཚོགས་པས་ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་པས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འཐབ་ཇུས་ཁྲོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་ཡིན་པར་བརྟེན། ཡུན་རིང་རིང་ལུགས་ཀྱི་མཐོང་ཚོར་ལ་བརྟེན་ནས་ཀྲུང་གོར་མུ་མཐུད་མ་འཇོག་བྱེད་ཀྱི་ཡིན་ཞེས་བརྗོད།
པི་མ་ཝུའེ་ཀྲུང་གོ་ཁུལ་གྱི་ཀྲུའུ་ཞི་ཙོའུ་ཅུན་གྱིས།“གོ་ལ་ཧྲིལ་པོའི་ས་བབ་ཐད་ཀྱི་ཆབ་སྲིད་ཆགས་སྟངས་ལེགས་སྒྲིག་གཏིང་ཟབ་བྱུང་བ་དང་དཔལ་འབྱོར་སླར་གསོའི་སྒུལ་ནུས་ཆུང་དུ་ཕྱིན་ནས་ཀྲུང་གོའི་དཔལ་འབྱོར་ལ་ཐོབ་པར་དཀའ་བའི་བརྟན་ལྷིང་རང་བཞིན་དང་སྣེ་ཁྲིད་རང་བཞིན་མངོན་ཡོད”ཅེས་བརྗོད་པ་དང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་བརྒྱུད་རིམ་རང་བཞིན་གྱི་ལམ་ལུགས་ཇུས་འགོད་བྱས་པ་བརྒྱུད། སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྤྱི་འདོམས་དེ་བས་ལེགས་པ་བྱས་ནས“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གསར་གཏོད་མཉམ་ལས། དེ་བཞིན་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་སྔར་བྱུང་མྱོང་མེད་པའི་ཁྲོམ་རའི་བར་མཐོངས་དང་མཉམ་ལས་ཀྱི་གོ་སྐབས་གཏོད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།