ལུས་རྩལ་གྱི་ཕྱོགས་བསྡུས་རིན་ཐང་དར་སྤེལ་བཏང་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
—— རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་རིམ་སྤེལ་དཔྱད་གླེང་ལྔ་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་ལུས་རྩལ་དེ་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐར་ཁུང་ལྟ་བུར་འགྱུར་བཞིན་ཡོད། དེ་ལས་ཀྲུང་གོས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་མངོན་པར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་བཅས་རེད་ཅེས་གསུངས་ཡོད།
ཀྲུང་གོའི་ལུས་རྩལ་བྱ་གཞག་ནི་དམངས་ཡོངས་རང་བཞིན་གྱི་བྱ་གཞག་ཅིག་རེད། དེ་ཉིད་དམངས་ཡོངས་ལ་བརྟེན་པ་དང་དེས་དམངས་ཡོངས་ལ་ཕན་པ་ཐོབ་ཀྱི་ཡོད། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐུན་མོང་འབྱོར་ཕྱུག་གི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད།
དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད། དམངས་ཡོངས་ཀྱི་བདེ་ཐང་ལ་གར་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་དོན་གཉེར་བྱེད་པའི་འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འཕེལ་རྒྱས་ཡིན་པ་དང་། ང་ཚོས་དོན་གཉེར་བྱེད་པའི་འབྱོར་ཕྱུག་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱེད་པ་དེ་ཡིན”ཞེས་ནན་བཤད་གནང་བ་རེད།
ལྷན་དུ་སྦྱར་བའི་ཁོང་ཡངས་རང་བཞིན་གྱིས་ལུས་རྩལ་དེ་ཉིད་ཐུན་མོང་འབྱོར་ཕྱུག་ལག་ལེན་བསྟར་བའི་བཅོས་མིན་གྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད། མི་རིགས་དང་། ས་ཁོངས། ཐོབ་ཐང་བཅས་ཀྱི་དབྱེ་བ་མེད་པར་མི་དཀྱུས་མ་ཚང་མར་གར་སྟེགས་ཀྱི་དབུས་སུ་ལངས་པའི་གོ་སྐབས་ཡོད། མི་དམངས་ལྟེ་བར་བྱེད་པའི་ཀྲུང་གོའི་ལུས་རྩལ་བྱ་གཞག་ལས་ཐུན་མོང་འབྱོར་ཕྱུག་གི་ལྟེ་བའི་དོན་སྙིང་མངོན་ཡོད།
གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་སུ་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཀྱི་བསྡུར་ཚད་38.52%ཟིན་པ་དང་། རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཚད་གཞི་ལོན་པའི་མི་གྲངས་ཀྱི་བསྡུར་ཚད་84.9%བར་འཕར་བ། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཐུན་མོང་ལ་དབང་བའི་ལུས་རྩལ་ཐང་ཁྲི་500.37ཡོད་པ་དང“སྐར་མ་བཅོ་ལྔའི་ལུས་སྦྱོང་ཁུལ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། དམངས་ཡོངས་ལུས་སྦྱོང་གི་ས་རྒྱུ་གཤིན་པོ་དེས་དམངས་ཡོངས་བདེ་ཐང་དང་ཐུན་མོང་འབྱོར་ཕྱུག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བཞིན་ཡོད།
ལུས་རྩལ་གྱི་ལས་སྟེགས་སུ་མི་རྣམས་ཀྱིས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་པ།
ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ནང་སོག་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“བྱང་ཤར་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན”ལ་ཉེ་དུས་རོགས་སྐྱོར་བྱས་པའི་དངུལ་འབོར་སྒོར་ཁྲི་6000ལྷག་ཟིན་ཡོད། ཁག་དང་པོའི་གན་འཇོག་ཡིད་མཐུན་རོགས་སྐྱོར་ཚོང་པའི་ཁྲོད་དུ་རྒྱལ་ཡོངས་ཀྱི་ཚོང་རྟགས་གྲགས་ཅན་ཡོད་ལ། “སུན་ལི་ལི་ཡི་ཕག་སུག་བསྲེགས་མ”ལྟ་བུའི་ཟས་རིགས་ཚོང་ཁང་ཆུང་གྲས་ཀྱང་ཡོད།རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི“ཅང་སུའུ་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན”གྱིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན་གྱི་ཡིད་མཐུན་རོགས་སྐྱོར་གྱི་ཡིད་དབང་བཀུག་པ་དང་དུས་མཚུངས། ཕྲན་ཚེགས་ཁེ་ལས་ལ་ཕྱོགས་པ་དང་ཡིད་མཐུན་རོགས་སྐྱོར་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་5ལས་བརྒལ་མི་ཆོག་པའི་སྲིད་ཇུས་བཟང་པོ་ཡང་སོར་འཇོག་བྱས་ཡོད།
ཁྲོམ་གཞུང་དང་སྲང་ལམ་གྱི་ཚོང་ཁང་ཆུང་གྲས་ནང་འཚོ་བའི་རྣམ་པ་ཟབ་ཅིང་། དེ་དག་འགྲན་བསྡུར་གྱི“མཉམ་ལས་པར”གྱུར་བ་ལས་འགྲན་བསྡུར་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་མི་སེམས་དེ་བས་དྲོ་བར་བྱས་ཡོད། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། ལུས་རྩལ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན།
དཔལ་འབྱོར་མཉམ་དར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལུས་རྩལ་གྱི་སྒུལ་ནུས་སྦྱིན་པ།
ས་ཁུལ་མི་འདྲ་བར་མཉམ་སྒུལ་བྱེད་པ་དང་། ཁྱབ་རྒྱ་ཆེ་བའི་མི་ཚོགས་ལ་ཕན་པ་ཐོབ་པ། ལས་རྣམ་སྣ་ཚོགས་མཉམ་འདྲེས་བཅས་བྱས་པས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ལུས་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།
“མང་ཚོགས་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”དང“གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན”ཞེས་པ་ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་བསྐྲུན་ལ་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་བཀོད་གནང་ཡོད།
ཞིང་ནང་མུ་ཁ་ནས་རི་འཁྱགས་མཚེའུ་བཅས་ཀྱི་བར་ལུས་རྩལ་ནི་གྲོང་གསེབ་དར་རྒྱས་ཀྱི་ལས་སྟེགས་སུ་གྱུར་ནས་རྒྱ་ཆེའི་ཞིང་པས་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད།
2025ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལུས་རྩལ་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་བཏོན་ནས་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ། 2030ལོར་སླེབས་སྐབས་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་དང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་7ལྷག་ཙམ་ཟིན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་ཞེས་བསྟན་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ལུས་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་ལ་མི་མངོན་པའི་ནུས་པ་སྔར་བཞིན་ཆེན་པོ་ཡོད་པ་དང་དེ་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་ཤིང་གསར་པ་དང་ཐུན་མོང་འབྱོར་ཕྱུག་གི་སྒུལ་ཤུགས་གསར་པར་རིམ་པས་འགྱུར་བཞིན་ཡོད།
བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པས་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་བསྣན་པ།
“ཐུན་མོང་འབྱོར་ཕྱུག་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡིན་པ་དང་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་འཚོ་བ་གཉིས་ཀ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཟེར”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་དོན་ཟབ་པོས་བསྟན་གནང་ཡོད།
ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཚད་མཐོའི་གཅིག་གྱུར་ཡིན། དངོས་པོའི་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་སྐབས་སུ། མི་དམངས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཇི་ལྟར་བྱས་ནས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་དུས་རབས་གསར་པའི་བརྗོད་གཞི་གསར་པར་གྱུར་ཡོད་ཅིང་། དེའི་ཐད་ལུས་རྩལ་གྱིས་རང་ཉིད་ཀྱི་ལན་གསལ་པོ་བཏབ་ཡོད།
དུས་རབས་གསར་པར“རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཚན་རིག་དང་མཐུན་ཞིང་བདེན་འཚོལ་བྱེད་པ། སྒྲིག་བཀུར་ཁྲིམས་སྲུང་བྱེད་པ། མཐུན་སྒྲིལ་རོགས་ལས་བྱེད་པ། སྙིང་རུས་ཆེན་པོས་འབད་འབུངས་བྱེད་པ”བཅས་ཀྱི་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང“མེས་རྒྱལ་གོང་དུ་བཀུར་བ་དང་། མཐུན་སྒྲིལ་རོགས་ལས་བྱེད་པ། དཀའ་སྤྱད་འབད་འབུངས་བྱེད་པ། ནམ་ཡང་མི་ཕམ་པ”བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་སྙིང་སྟོབས། དེ་བཞིན“སྤྱི་ཡོངས་བློ་ལ་འཆང་བ་དང་། གདེང་ཚོད་ཆེན་པོས་སྒོ་དབྱེ་བྱེད་པ། ཞུམ་མེད་མདུན་སྐྱོད་བྱེད་པ། ཕུལ་བྱུང་དོན་གཉེར་བྱེད་པ། འབྱུང་འགྱུར་མཉམ་དུ་གཏོད་པ”བཅས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་སོགས་ཀྱིས་དེ་བས་ཕྱོགས་བསྡུས་དང་ཕྱོགས་མང་གི་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་གྲུབ་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་བསམ་པའི་སྟོབས་ཤུགས་བསྣན་ཡོད།
དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་ཕུན་སུམ་ཚོགས་པོ་དོན་གཉེར་བྱེད་པའི་འཕེལ་རིམ་ཁྲོད་ལུས་རྩལ་གྱིས་མཐའ་བར་གསུམ་དུ་དུས་རབས་ཀྱི་གོམ་སྟབས་བསྟུན་བཞིན་ཡོད།
“ང་ཚོས་ཐུན་མོང་འབྱོར་ཕྱུག་ལ་ཤུགས་བརྒྱབ་ནས་ཀྲུང་གོ་བ་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་བཞིན་ཡོད། དབུལ་སྒྲོལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན། ཐུན་མོང་འབྱོར་ཕྱུག་ནི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་ཡོད།
ལུས་རྩལ་ནང་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས་ཀྱི་ཕུགས་འདུན་འདུས་ཡོད། དུས་རབས་གསར་པར་ལུས་རྩལ་གྱིས་ཐུན་མོང་མ་ཡིན་པའི་ནུས་པ་དང་ཕྱོགས་བསྡུས་རིན་ཐང་ལ་བརྟེན་ནས་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ཡོད། ལུས་རྩལ་གྱི“འགྲན་ལམ”དེ་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།