ལྗང་མདོག་རྩིས་གློག་མཉམ་ལས་ལ་སྐུལ་འདེད་གཏོང་བ།
མཚོ་སྔོན་གྱི་རྩིས་ནུས་གཞི་ཁྱོན་དུས་མཚུངས་ལས་161%འཕར་བ།
ཚེས་27ཉིན། གསར་འགོད་པར་པེ་ཅིང་དུ་འཚོགས་པའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། “1+2+N”གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཕེལ་རྒྱས་ཀྱི་བཀོད་པར་གཞིགས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2025ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན། ཚད་ལྡན་འཁོར་སྒྲོམ་ཁྲི་4ལྷག་ཙམ་བཟོས་པས་རྩིས་ནུས་གཞི་ཁྱོན་PFLOPSཁྲི་2.2(སྐར་ཆ་རེར་འཕྱོ་གནས་ཐེངས་དུང་ཕྱུར་ཁྲི་སྟོང་ལྟར་རྩིས་པ)ཟིན་པ་དེ་དུས་མཚུངས་ལས་161%འཕར་ཡོད་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་སྙན་ཞུ》(2026ལོ)ཡོངས་བསྒྲགས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་གློག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རྒྱལ་ཡོངས་སུ་སྔོན་ལ་ལག་བསྟར་ཚོད་ལྟ་བྱེད་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་འཆར་གཞི་ངོ་སྤྲོད་བྱས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱར་ཧུར་ཐག་ཞུགས་ནས་ནུས་རྒྱུའི་མ་ལག་གསར་པ་དང་གློག་ཤུགས་མ་ལག་གསར་པ་མཉམ་ལས་རིམ་བཞིན་འཕེལ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག་མགྱོགས་པོ་བྱས་པས། ལྗང་མདོག་རྩིས་གློག་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད་པ་རེད།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་8000ལྷག་ཙམ་ཟིན་པ་དེའི་བསྡུར་ཚད་བཟུང་ཚད་93%ལྷག་ཙམ་ཟིན་པ་དང་། དེའི་ནང་ནུས་རྒྱུ་གསར་པའི་གློག་འདོན་ཚད་ཆན་ཝ་ཁྲི་6300ཟིན་པ་དེའི་བསྡུར་ཚད་བཟུང་ཚད་74%ལྷག་ཙམ་ཟིན་ཡོད། 2025ལོར་མཚོ་སྔོན་གློག་དྲའི་ལྗང་གློག་ཉོ་ཚོང་གི་གཞི་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་97.9ཟིན་པ་དེ་དུས་མཚུངས་ལས་ལྡབ་2.4འཕར་ཡོད། 2025ལོའི་ཟླ་9ཚེས་11ཉིན། ནུབ་བྱང་ས་ཁུལ་གྱི་ལྗང་གློག་ཉོ་ཚོང་ཐོག་མ་དེ་མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་སུ་ལེགས་གྲུབ་བྱུང་ནས་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་ཁྲི་2332ཟིན་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཁུངས་དྲ་ཐེག་གསོག་གྲངས་རིག་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བས། ནུས་རྒྱུ་གྲངས་རིག་ཅན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།