དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་ཁག་གསུམ་པ་འཛུགས་གཏོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-31

    ཟླ་3ཚེས་25ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་དུས་ཚིགས་དང་པོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ“རྒྱལ་ཡོངས་ཀྱི་རིག་དངོས་བཟོ་བོ་ཆེ་མོའི”དྲིལ་བསྒྲགས་འདེམས་གཏོད་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་དང་། རིག་དངོས་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད། རྒྱང་སྐྱོད་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད། རིག་དངོས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་སོགས་ལས་དོན་གྱི་འཕེལ་རིམ་དང་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དཔེ་སྟོན་ཁུལ་ཁག་གཉིས་འཛུགས་གཏོད་ཀྱི་ལས་འགན་བཀོད་སྒྲིག་བྱས་ནས་སྤེལ་བ་དེ་གྲོང་ཁྱེར་དང་རྫོང་21ལ་ཁྱབ་པ་དང་། གོ་རིམ་ལྡན་པའི་ངང་སྲིད་ཇུས་ཀྱི་ཐོན་ཁུངས་འདུས་གྲུབ་དང་། ས་གནས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འཕེལ་བ། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་སྒྱུར་བཅོས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཁག་དང་པོའི་པེ་ཅིང་ཧའེ་ཏེན་དང་། ལེའོ་ཉིང་ཏ་ལེན་ལུའེ་ཧྲུན་ཁོའུ། ཧྲང་ཧའེ་དབྱང་ཕུའུ། ཅང་སུའུ་སུའུ་ཀྲོའུ། སི་ཁྲོན་ཀོང་ཧན། ཧྲའན་ཤིས་ཡན་ཨན་སོགས་རྒྱུན་རྣམ་ཅན་གྱི་འཛུགས་སྐྲུན་དུས་མཚམས་སུ་སླེབས་ནས་ས་ཁུལ་དེ་གའི་རིག་དངོས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། ཁག་གཉིས་པའི་འཛུགས་གཏོད་ལས་འགན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་བཟང་པོ་ཐོན་ཡོད། ཐེན་ཅིན་ཧོ་ཕིང་ཆུས་དང་ཧྲན་ཏུང་ཆིང་ཏའོ་ཡིས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་སྲུང་སྐྱོང་དང་འཕེལ་རྒྱས་ལ་གཙོ་བོར་དམིགས་པ་དང་། ཧོ་པེ་ཁྲེང་ཏེ་དང་། ཧྥུའུ་ཅན་ཆོན་ཀྲོའུ་ལི་ཁྲེང་ཆུས། ཧོ་ནན་ཁའེ་ཧྥུང་། ཀོང་ཏུང་ཁྲའོ་ཀྲོའུ་བཅས་ཀྱིས་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་དོ་ཁུར་བྱས་པ། ཧྲན་ཤིས་ཅིན་ཁྲེང་དང་། ཀྲེ་ཅང་ཧང་ཀྲོའུ་ཡུས་ཧང་ཆུས། ཨན་ཧུའེ་ཧོང་ཧྲན། ཧུའུ་པེ་ཧུང་ཨན། ཀན་སུའུ་ཅ་ཡུས་ཀོན་བཅས་ཀྱིས་གཙོ་གནད་རིག་དངོས་ལ་དམིགས་ནས་སྲུང་སྐྱོང་བེད་སྤྱོད་ཀྱི་མ་དཔེ་གྲུབ་པ། ཅང་ཤིས་ཅིང་ཏེ་གྲོང་རྡལ་དང་། ཧུའུ་ནན་ཁྲང་ཧྲ། ཡུན་ནན་ཏ་ལི། ཤིན་ཅང་ཁུའུ་ཁྲེ་བཅས་ཀྱིས་རང་ངོས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། གོ་རིམ་ལྡན་པའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་རིན་ཐང་མངོན་ཡོད། ཉིན་ཤས་གོང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དཔེ་སྟོན་ཁུལ་གྱི་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པ་དང་། ཁག་གསུམ་པའི་འཛུགས་གཏོད་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ད་ལོ་ཁག་གསུམ་པའི་འཛུགས་གཏོད་མིང་ཐོ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།