2026ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་ཧོ་ནན་ཀྲེང་ཀྲོའུ་རུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན“གཙོ་རྒྱུན་སྨྱན་སྦྱོར་གྱི་སྣེ་ཁྲིད་ནུས་པ་བཏོན་ཏེ་སྣ་མང་བྱེད་པོའི་གསར་གཏོད་ནུས་པ་འཕེལ་བར་བྱས་ཏེ། ཕུན་སུམ་ཚོགས་པའི་དྲ་རྒྱའི་ནང་དོན་གྱི་ཁོར་ཡུག་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་ཧོ་ནན་ཀྲེང་ཀྲོའུ་རུ་འགོ་ཚུགས་པ་རེད། ལས་རིགས་ཁག་གི་ཚོགས་ཞུགས་མི་སྣས་དྲ་རྒྱའི་ནང་དོན་གཏོད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། ཐབས་ལམ་གསར་པ་བཅས་ལ་དམིགས་ཏེ་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་2025ལོའི་ཀྲུང་གོའི་དྲང་ནུས་དྲ་རྒྱའི་བརྩམས་ཆོས་རྩེ་གྲ་བསྡུ་རུབ་འགྲེམས་སྟོན་བྱེད་སྒོའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། དྲ་རྒྱའི་བརྩམས་ཆོས་རྩེ་གྲ་བཅུའི་གྲས་སུ་ཚུད་པའི་བརྩམས་ཆོས་50དང་དྲ་རྒྱའི་བརྩམས་ཆོས་རྩེ་གྲ་500འབུར་དུ་ཐོན་ཡོད། འཛད་སྒོ་འཚོག་ཡུལ་དུ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་2026ལོའི་དྲ་ཐོག་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་གྲོས་དོན་གལ་ཆེན་གྱི་བཀོད་སྒྲིག་རྣམ་གྲངས་དང“འགོ་ཚུགས་ལོར་ཀྲུང་གོར་ལྟ་བའི”དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ད་ལོའི་གླེང་སྟེགས་ཀྱིས་གཉེར་སྟངས་སྔར་བས་གསར་གཏོད་བྱས་ཤིང་། ནང་དོན་སྤུས་ཀ་དག་པ་དང་གྲུབ་འབྲས་ཏན་ཏིག་ཐོབ་པར་བྱས་ཡོད། གླེང་སྟེགས་འཚོག་རིང་དྲང་ནུས་གསར་གཏོད་པའི་ཚོགས་ཆེན་དང་། གྲངས་རིག་གི་མཐུན་རྐྱེན་སྦྱར་ནས་དྲང་ནུས་ཐོན་སྐྱེད་དང་ཁྱབ་སྤེལ་ཚོགས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་བཞིན“སྒྱུར་བཅོས་ཀྱི་ལམ་བུ། དྲ་རྒྱའི་སྨྱན་སྦྱོར་གསར་གཏོད་ཀྱི་ལག་ལེན”དང་། “མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་སྒྲ་གསར་པ། སྲིད་གཞུང་དང་ཁེ་ལས་ཀྱི་སྨྱན་སྦྱོར་གསར་པ་འབུར་ཐོན་དང་མི་སེམས་སུ་ཟུག་པའི་ཐབས་ལམ་གསར་པ”“གཏམ་རྒྱུད་ཡག་པོ་བརྗོད་པ། ཐུན་མོང་གི་གནས་ཚུལ་ཁྱབ་སྤེལ་གཏོང་བ་ནས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་བར”“བེད་སྤྱོད་དང་བཅོས་སྐྱོང་བྱེད་མཁས་པོ། AIནང་དོན་ཚད་ལྡན་འཕེལ་རྒྱས་གཏོང་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་འཚོགས་པ་རེད།
གཞན་ཡང་གླེང་སྟེགས་ཐོག“2026ལོའི་དྲང་ནུས་བྱ་སྤྱོད་འཆར་གཞི”དང“2026ལོའི་དྲང་ནུས་གསར་གཏོད་པའི་རྒྱབ་སྐྱོར་འཆར་གཞི”ལག་བསྟར་བྱེད་འགོ་ཚུགས་ཤིང་། བཞུར་ཚད་གཟིགས་སྐྱོང་དང་། ཕན་འབྲས་ལ་སྐུལ་ལྕག་གཏོང་བ། འཚར་ལོངས་ལ་མཐུན་རྐྱེན་སྦྱོར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གསར་གཏོད་པར་རྒྱབ་སྐྱོར་བྱེད་མཁན་ཡོད་པ་དང་དྲང་ནུས་ལ་ཐུན་མོང་གི་ངོས་འཛིན་ཡོང་བར་བྱས་པ་དང་འབྲེལ། 《དྲ་རྒྱའི་བར་མཐོངས་གཙང་བཟོ། ཡར་ཐོན་དགེ་བརྩོན་གཅིག་སྒྲིལ》ཞེས་པའི་གྲོས་འགོ་བཏོན་པ་དང་། 《གྲངས་རིག་གི་མཐུན་རྐྱེན་སྦྱར་བའི་དྲང་ནུས་ཐོན་སྐྱེད་དང་བརྒྱུད་སྤེལ་གྱི་འཕེལ་ཕྱོགས་སྙན་ཞུ》སོགས་ཁྱབ་བསྒྲགས་བྱས་པ་རེད།
སྐབས་འདིའི་གླེང་སྟེགས་གཉེར་ཡུན་ཉིན་གཉིས་ཡིན་ཞིང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཧོ་ནན་ཞིང་ཨུད་དྲ་འཕྲིན་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།