དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོར་རྩ་བ་ཚུགས། ཚེ་སྲོག་བརྟན་སྲུང་བྱེད།

    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》སྐོར་གྱི་གཏམ་རྒྱུད་ཉན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-31

    ཆུ་ཐིགས་གཅིག་གིས་ཚེ་སྲོག་ལ་རེ་བ་སྦྱིན་ཐུབ་པ་བཞིན་ཕུལ་བྱུང་བརྩམས་ཆོས་ཤིག་ལས་དུས་རབས་ཀྱི་བསམ་པའི་ཉམས་འགྱུར་གསལ་པོར་མངོན་ཐུབ། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》ཞེས་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་དོན་ཅི་ཡིན་ནམ། ལྟད་མོ་བས《བླ་ཤིང》ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལས་མི་སེམས་སུ་གཏིང་ཟབ་ཟུག་པའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་། སྲ་བཞིན་བརྟན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་མཛེས་ལྗོངས་བཅས་མཐོང་ཐུབ་པ་མ་ཟད། རང་སྲོག་བློས་གཏོང་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའང་མཐོང་ཐུབ། 《བླ་ཤིང》ལ་དགའ་མོས་ཐོབ་པ་དེས“མི་དམངས་རྩ་བར་འཛིན་པ་དང་འཚོ་བར་རྩ་བ་ཚུགས་པ”ནི་རིག་རྩལ་གསར་རྩོམ་གྱི་རྩ་བ་དང་། འགག་རྩ། བློས་འགེལ་ཆོག་པ་བཅས་ཀྱི་ཐབས་ཤེས་ཤིག་ཡིན་པ་སླར་ཡང་ར་སྤྲོད་བྱུང་ཡོད། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེ་སྟོན་སྐབས་གསར་རྩོམ་ཚོགས་པ་གཙོ་བོ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འགན་འཁུར་བ་ཆེད་མངགས་གདན་དྲངས་ནས་བརྙན་འབེབས་བྱེད་རིང་གི་སྐྱིད་སྡུག་མཉམ་སྤྱོད་དང་། འགན་འཁྲི་མཉམ་གླེང་། རིག་རྩལ་བརྩམས་ཆོས་དང་ཚེ་སྲོག་བརྟན་སྲུང་གི་རང་སྒྲ་མྱོང་རོལ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བསམ་པའི་སྟོབས་ཤུགས་ཚོར་ཐུབ་པར་བྱས་ཡོད།

    —— རྩོམ་སྒྲིག་པས།

    འདི་ནི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》ཞེས་པའི་རྒྱ་ཁྱབ་བརྡ་སྦྱོར་ཡིན་པ།

    ཨ་ན་ཨུ་ཚུགས་ཀྱི་བདེན་འཚོལ་སྙིང་སྟོབས་ལ་བརྟེན་ནས་ཚེ་སྲོག་བརྟན་སྲུང་བྱེད་པ།

    ཧོའུ་ཧུང་ལེང་།

    “བླ་ཤིང”ནི་གང་ཞིག་ཡིན་ནམ། རྒྱུན་མཐུད་འཁྲབ་ཚན་དེའི་ནང་དེ་ནི་མི་སྣ་གཙོ་བོ་པའེ་ཅུས་ཁྱིམ་གྱི་སྒོ་རའི་ནང་གི་སྦྱར་པ་ཤོན་ཆུང་དེ་ཡིན་པ་དང་ས་མཐོར་འགྱིང་ངེར་གནས་ཤིང་། ཡལ་ག་དང་ལོ་མ་ཐར་ཐོར་ཡིན་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོད། ང་ཚོའི་སེམས་ནང“བླ་ཤིང”ནི་དད་སེམས་ཤིག་ཡིན་པ་དང་། གཟུགས་མེད་ཀྱི་སྡོང་པོ་དེའི་རྩ་བ་འཁྱགས་ས་ཚུན་རེ་རེ་དང་བཞུར་ཆུ་ཐིགས་པ་རེ་རེ་དང་འབྲེལ་ཡོད། དེ་ནི་ས་མཐོར་འཚོ་སྡོད་བྱེད་མཁན་ཚོའི་བསམ་པའི་འཇིག་རྟེན་དུ་གནས་ཡོད་ལ། ང་ཚོས་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བར་བསྐྱར་དུ་གོ་བ་ལེན་པའི་ཁྲོད་དུའང་གནས་ཡོད།

    གློག་བརྙན་འཁྲབ་ཚན་གསར་རྩོམ་གྱི་དོན་སྙིང་ནི“གཟུགས་མེད་པའི”སྲུང་སྐྱོང་བྱས་པ་དེ་རིགས་ཤེས་ཚོར་ཐུབ་པ་དང་དེ་ནས་རེག་ཐུབ་པའི“བརྩེ་དུང་ལྡན་པའི་འཇིག་རྟེན”དུ་བསྒྱུར་རྒྱུ་དེ་རེད། ང་ཚོས《བླ་ཤིང》བརྒྱུད་ལྟད་མོ་བ་ཚོས་ས་མཐོར་དཀའ་ཚེགས་ཆེན་པོས་སྐྱེས་འཚར་འབྱུང་བཞིན་པའི་སྡོང་ཕྲུག་མཐོང་བ་ལས་འགྱུར་མེད་ཀྱི་རེ་བ་ཞིག་མཐོང་ཐུབ་པ་དང་། མཚོ་ཐོག་ཏུ་ལྡང་བའི་རླུང་བུའི་སྒྲ་ཐོས་པ་ལས་མི་རིགས་ཤིག་དང་རང་བྱུང་ཁམས་དབར་གྱི་གླེང་མོལ་དག་ཐོས་རྒྱུའི་རེ་བ་ཡོད།

    ཞིབ་ཕྲའི་གསར་རྩོམ་ཁྲོད་ང་ཚོས་དུས་རབས་ཀྱི་བརྗོད་གཞི་ཆེན་པོ་དེ་གསོན་ཉམས་དོད་པའི་མི་སྣའི་ལས་དབང་ཐོག་འཇོག་གང་ཐུབ་བྱས་པ་སྟེ། པའེ་ཅུས་ཀྱི་ཡུལ་དེ་བརྟན་སྲུང་དང་དེ་ནས་བྲལ་བའི་དབར་གྱི་ཐེ་ཚོམ་གྱི་བསམ་པ་དང་། རྡོ་རྗེའི་འགན་འཁྲི་མང་པོའི་དབར་གྱི་འགལ་བ། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་དབར་གྱི་ལིན་ཕེ་ཧྲེང་གི་བསམ་གཞིག་སོགས་དོན་དངོས་ཀྱི་འཚོ་བ་མཚོན་པའི་གནས་ཚུལ་དེ་དག་ལས“སྲུང་སྐྱོང”ཞེས་པའི་ཡིག་འབྲུ་གཉིས་ལ་དྲོ་སྐྱིད་དང་དོན་སྙིང་ལྡན་པར་བྱས་ཡོད།

    ལོ་6རིང་གྲ་སྒྲིག་བྱས་ནས་མཚོ་སྔོན་དུ་ཐེངས་མང་བསྐྱོད་དེ་གནས་ཚུལ་འཚོལ་བསྡུ་བྱས་པ་དང་། སྤྱི་ལེ་5000ལྷག་ཙམ་གྱི་མཚོ་སྔོན་པོ་སྐོར་ལམ་ཆེན་པོའི་ཡུལ་ལྗོངས་རྩད་ཞིབ་བྱས་པ། འཁྲབ་སྟོན་པ་700ལྷག་ཙམ་གྱིས་ཉིན་188རིང་ས་མཐོར་པར་ལེན་བཅས་བྱས་པའི་གྲངས་བྱ་འདི་དག་གི་རྒྱབ་ཏུ་ང་ཚོས་བདེན་དོན་ལ་གུས་སྐྲག་གི་བསམ་པ་བཅངས་པ་མཚོན་ཡོད།

    《བླ་ཤིང》ཞེས་པའི་རྒྱུན་མཐུད་འཁྲབ་ཚན་བསྟན་རྗེས། ང་ཚོས་སྡོང་པོ་དེ་དལ་གྱིས་སྐྱེས་འཚར་འབྱུང་བཞིན་ཡོད་པ་མཐོང་བྱུང་། ལྟད་མོ་བ་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་ངོ་མ་རང་འགུལ་ངང་འཚོལ་བཤེར་བྱས་ནས། རྗེ་བཟང་བསོད་ནམས་དར་རྒྱས་སོགས་ཁོར་ཡུག་སྲུང་སྐྱོང་གི་སྔོན་གཤེགས་དཔའ་བོ་ཚོའི་མཛད་རྗེས་ལས“དེ་རིང་ང་ཚོས་གཙོད་ཕར་རྒྱུག་ཚུར་རྒྱུག་བྱེད་པ་མཐོང་རྒྱུ་ཡོད་པ་དེ་ནི་མི་མང་པོས་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོང་བྱས་པ་ཞིག་ཡིན་པ་ཤེས་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་གྱི་དབྱིངས་ཞུགས་རྣམ་པའི་གློག་བརྙན་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞིར་ལྟ་སྐོར་བྱེད་མཁན་མང་པོ་ཡོད་ལ། “《བླ་ཤིང》ནང་བསྟན་པ་ལྟར་རི་སྐོར་དུ་བསྐྱོད་རྒྱུ”དེ་ན་གཞོན་ཡུལ་སྐོར་བ་ཚོའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། དེ་ལས་ང་ཚོར་གློག་བརྙན་བརྩམས་ཆོས་ནང་བཀོད་པ་ནི་གཏམ་རྒྱུད་ཙམ་མ་ཟད། རྩ་བ་ཚུགས་ནས་མྱུ་གུ་འབུས་ཐུབ་པའི་ས་བོན་ཞིག་དེ་བས་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་།

    “བླ་ཤིང”ནི་ད་དུང་གང་ཞིག་ཡིན་ཆོག་གམ། དེའི་གཏམ་རྒྱུད་ད་དུང་རྫོགས་མེད། རྒྱུན་མཐུད་འཁྲབ་ཚན་དེ་ལས་ཚང་མ་མཉམ་དུ་གདན་དྲངས་ནས“ལྗོན་ཤིང་འཛུགས་མཁན”དུ་གྱུར་བར་བྱས་ཏེ། སྲུང་སྐྱོང་གི་དད་སེམས་དེ་ས་མཐོ་ནས་འཚོ་བའི་ཕྱོཌ་གང་སར་ཁྱབ་པར་བྱེད་རྒྱུ་ཡིན།

    (རྩོམ་པ་པོ་ནི་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》ཞེས་པའི་སྤྱི་ཁྱབ་པར་གཞི་སྒྲིག་བཟོ་བ་ཡིན)

    དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས། མཛེས་པའི་ཁྱིམ་གཞིས་མཉམ་དུ་སྲུང་།

    ཆིའུ་ཅི་ཁྲུན།

    གཙང་གསུམ་ཆུ་འགོའི་བསིལ་རླུང་བརྙན་ཤེལ་བརྒྱུད་སེམས་ཀྱི་ཞིང་སར་དལ་གྱིས་ལྡང་།

    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》ཚ་ཚ་འུར་འུར་ངང་བསྟན་པ་དེས་ཁུ་ཁུ་ཤིས་རིས་སླར་ཡང་རྒྱལ་ཡོངས་ཀྱི་ཡིད་དབང་རབ་ཏུ་བཀུག་ཡོད། འཁྲབ་ཚན་ནང་གི་རུ་དཔོན་རྡོ་རྗེའི་དཔེ་མཚོན་ནི་གངས་ལྗོངས་ས་མཐོར་ནམ་ཡང་གཉིད་ལ་ཡུར་བའི་དཔའ་བོ་རྗེ་བཟང་བསོད་ནམས་དར་རྒྱས་རེད། ལོ་ངོ་སུམ་ཅུ་ལྷག་ཙམ་རིང། བསོད་ནམས་དར་རྒྱས་དང་འཐབ་གྲོགས་ཚོས་ཤ་ཁྲག་གི་ལུས་ཕུང་ལ་བརྟེན་ནས་རྩ་ཆེའི་སྲོག་ཆགས་ལ་ཚེ་སྲོག་གི་འགོག་སྲུང་འཛིང་རགས་དང་པོ་དེ་བསྐྲུན་པ་རེད།

    ངས་བརྩེ་བ་ཟབ་མོ་འཆང་བཞིན་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་འཁྲབ་ཚན་ཆ་ཚང་བལྟས་པ་ཡིན། བརྙན་ཤེལ་ནང་གི་གནས་ཚུལ་ཚང་མ་ནི་དངོས་མེད་འཕྲུལ་སྣང་དང་དོན་དངོས་རྟོག་བཟོ་བྱས་པའི་གློག་བརྙན་ཞིག་མ་ཡིན་པར། དེ་ནི་ཉིན་མཚན་མཉམ་དུ་འགྲོགས་པའི་སྤྱིར་བཏང་གི་ཡུལ་ལྗོངས་དང་། རྐང་པ་གཉིས་ཀྱིས་ཚད་འཇལ་མྱོང་བའི་ས་ཆ། ཁྲག་རྒྱུན་ནང་མཉམ་དུ་འདྲེས་པ་དང་རྐང་མར་ནང་བརྐོས་པའི་འགན་འཁྲི་དང་ལས་འགན་ཞིག་རེད།

    ད་ཆའི་ཁུ་ཁུ་ཤིས་རི་ནི་སྔ་ས་ནས་སྔོན་ཆད་ཀྱི་མེ་མདའི་སྒྲ་དང་དུ་བ་དང་བྲལ་ཏེ་སླར་ཡང་ལྷིང་འཇགས་འཆམ་མཐུན་གྱི་གནས་ཤིག་ཏུ་གྱུར་ཡོད། གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་2ཡང་མ་ཟིན་པ་ནས་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་། དེ་དག་བརྗིད་ཉམས་ལྡན་པའི་ཐང་རྒོད་དུ་རྒྱུག་ནས་གངས་ལྗོངས་ཀྱི་ས་གཞིའི་ཐོག་སླར་ཡང་མཐོང་རྒྱུ་ཡོད་པ་བྱུང་ཡོད། “གནམ་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་རིམ་བཞིན་བཙུགས་པ་དང་། 5Gསྦྲེལ་ཚུགས་དང་དམར་ཕྱིའི་པར་ཆས་སྤྱད་པ་ལས་སྐྱེ་ཁམས་སྲུང་སྐྱོང་དེ་སྲོལ་རྒྱུན་གྱི་སྐོར་གཡེང་དང་ཁ་འབྲལ་ནས་གཞན་དབང་དུ་གྱུར་པའི་ལས་རེས་ནས་ཚན་རིག་དང་མཐུན་པའི་དོ་དམ་ཚོད་འཛིན་དང་རང་འགུལ་སྲུང་སྐྱོང་བར་མཆོང་སྐྱོད་བྱུང་ཡོད། 2026ལོའི་ཟླ་1ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པ་དང་། ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་པོ་བསྐྲུན་ནས་ཁྲིམས་ལྟར་སྤྱི་གླིང་སྐྱོང་བའི་དུས་མཚམས་གསར་རྐྱང་ཞིག་བཏོད་ཡོད།

    ཚན་རྩལ་རིམ་འཇུག་དང་དུས་རབས་ལ་འཕོ་འགྱུར་ཕྱིན་ནས་རི་སྐོར་བ་མི་རབས་ནས་མི་རབས་ས་མཐོར་རྩ་བ་ཚུགས་པ་དང་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་གཏོང་མྱོང་མེད་ལ་སེམས་ཤུགས་ཀྱང་ཆུང་དུ་གཏོང་མྱོང་མེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་པ་དང་དོ་དམ་པ་ཡིན་པའི་ང་ཚོས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་ཁྲིམས་སྐྱོང་གི་མཐའ་ཚད་བརྟན་པོར་བསྲུངས་ནས། བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་། ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོབ། སྙིང་རུས་བརྟན་འཁྱོངས་བཅས་མཐའ་འཁྱོངས་ཀྱིས་འཁྱགས་རོམ་དང་འདམ་ར་དང་། གཙང་པོའི་ཆུ་འགོ རྩ་ཆེའི་སྲོག་ཆགས་བཅས་སྲུང་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན།

    (རྩོམ་པ་པོ་ནི་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་ཡིན་པ)

    གུས་སྐྲག་གི་བསམ་པ་ནས་ནང་སེམས་ཀྱི“བླ་ཤིང”བཙུགས་པ།

    ལི་ཞུའེ།

    《བླ་ཤིང》ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་བསྟན་རྗེས་གྲོས་བསྡུར་མང་པོ་བྱུང་ཞིང་། མི་ལ་ལས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་འདིའི་ནང་ཅི་ཞིག་བཤད་ཡོད་དམ། དེའི་ནང་ཁོར་ཡུག་སྲུང་སྐྱོང་སྐོར་གླེང་ཡོད་ལ། ཡང་དེ་ཁོ་ན་མ་ཡིན་ཞེས་བརྗོད་ཀྱི་ཡོད། ངས་བལྟས་ན། ང་ཚོས་གློག་བརྙན་སྒྱུ་རྩལ་གྱི་བསམ་ཕྱོཌ་ནས་དེར་ལན་ཡང་དག་ཞིག་རྒྱག་འདོད་པ་ནི། འཚོ་གནས་དང་། འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་བཅས་དབར་མཐར་ཐུག་ནས་བརྗོད་ན་མི་རྣམས་ཀྱིས་གང་འདྲ་བྱེད་དགོས་སམ་ཞེས་པ་དེ་རེད།

    དང་ཐོག“འཕེལ་རྒྱས་དང་སྲུང་སྐྱོང”གི་རྩོད་སྒྲུབ་འབྲེལ་བར་སྣང་ཆེན་བྱེད་པ།

    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེའི་ནང་གི་མར་ཀྲི་རྫོང་གི་དབུལ་ཕོངས་ཀྱི་རྣམ་པ་ནི་དཀའ་གནད་ཅིག་རེད། རྫོང་དཔོན་ལིན་ཕེ་ཧྲེང་ནི་འཇོན་ཐང་མེད་པའི་མི་ཞིག་མ་ཡིན་པར། ཁོས་ཚོང་འགུགས་མ་འདྲེན་དང་གཏེར་ཁ་གསར་སྤེལ་མགྱོགས་པོ་དེ་འདྲ་བྱེད་དོན་ནི་ཕྱུག་པོ་ཆགས་འདོད་ཀྱི་རེ་འདུན་ལས་བྱུང་བ་ཞིག་ཡིན་པ་དང་། རྫོང་དཔོན་གཞོན་པ་རྡོ་རྗེས་གཙོད་གསོད་པ་དང་གནའ་བོའི་ཆུ་ལམ་ལ་གཏོར་སྐྱོན་གཏོང་བའི་ཡ་ང་བའི་གནས་ཚུལ་མཐོང་རྗེས་བློ་ཐག་ཆོད་པོས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུའི་སེམས་ཐག་བཅད། ཁོ་གཉིས་དབར་གྱི་འགལ་བ་ནི་དམིཌ་བསལ་གྱི་ལོ་རྒྱུས་དུས་མཚམས་སུ་ཀྲུང་གོས་དེང་རབས་ཅན་འཚོལ་ཞིབ་བྱེད་རིང་བརྒྱུད་མྱོང་བའི་དཀའ་གནད་ཅིག་ཡིན།

    དེ་ནས“མི་དང་རང་བྱུང་ཁམས་མཉམ་གནས”ཀྱི་ཀྲུང་གོའི་བརྗོད་དོན་འཚོལ་ཞིབ་བྱེད་པ།

    རི་སྐོར་རུ་ཁག་ལ་དུས་རབས་ལས་བརྒལ་བའི་བསམ་པའི་སྙིང་སྟོབས་ལྡན་པ་དེ་གང་ནས་བྱུང་བ་ཞིག་ཡིན་ནམ། གནད་དོན་དེར་ལན་འདེབས་པར“རྔོན་རྒྱག་མཁན་འཛིན་བཟུང་བྱེད་པའི”གནས་ཚུལ་ཁོ་ནར་དམིགས་ན་མི་འགྲིག་པར། པར་གཞི་དེ་ལས་ས་གཞི་འདིའི་སྟེང་གི་མི་དང་རང་བྱུང་ཁམས་དབར་དང་། མི་དང་སྲོག་ཆགས་དབར། མི་དང་བསམ་པའི་རིག་གནས་དབར་བཅས་མཉམ་གནས་ཀྱི་འབྲེལ་བ་མངོན་པར་བྱེད་དགོས། ས་གནས་དེ་གའི་མང་ཚོགས་ཀྱིས་བསམ་པའི་ལྐོག་གྱུར་དང་སྙན་ངག་གི་ཉམས་སྣང་གིས་ཕྱུག་པའི་འཚོ་བའི་རྣམ་པར་བརྟེན་ནས། རྡོ་རྗེས་མི་མེད་ལུང་སྟོང་དུ་ཚེ་སྲོག་ལ་བརྩི་བཀུར་དང་སྲུང་སྐྱོང་བྱེད་པ་དང་། ཀྲང་ཆིན་ཆིན་མཚོ་སྐྱོར་སྨན་པ་ཞིག་ཡིན་པའི་ངོས་ནས་ས་གཞི་འདིར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། པའེ་ཅུས་ཀྱིས་ལོ་17གྱི་ལོ་ཟླའི་རིང་རྒྱུན་སྲིང་ལྷོད་མེད་ཀྱིས་སྲུང་སྐྱོང་བྱེད་པ་སོགས། ང་ཚོས་བབ་བརླིང་དང་བཟོད་སྒོམ་གྱི་རྣམ་པའི་ཐོག་ནས་བརྩེ་དུང་གིས་ཕྱུག་པའི་བྱ་ཐབས་སྤྱད་དེ་ཀྲུང་གོ་བ་ཁོ་ནར་ལྡན་པའི་སྐྱེ་ཁམས་ཀྱི་འདུ་ཤེས་མཚོན་པར་བྱས་ཡོད།

    མཇུག་ཏུ། དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་སྙིང་སྟོབས་རྗེས་རབས་པར་བརྒྱུད་སྤྲོད་བྱེད་པ།

    ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ནི“དུས་རབས” ཚན་པར་བྱས་ནས་རྩིས་རྒྱག་དགོས་པའི་བརྒྱུད་རིམ་རིང་པོ་ཞིག་ཡིན། ང་ཚོས་ལོ་17རིང་གི་དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དཀའ་ཚེགས་དང་ལྡོག་མེད་ཀྱི་རྣམ་པ་མངོན་པར་བྱས་ཡོད། རྒྱལ་ཁ་མ་ཐོབ་གོང་རྡོ་རྗེ་ཚེ་ལས་འདས་ཀྱང་ཁོང་གིས་བརྟན་སྲུང་བྱེད་པའི་སྙིང་སྟོབས་པའེ་ཅུས་དང་ཧྲའོ་ཡུན་ཧྥེ་དེ་བཞིན་རྗེས་རབས་པ་གྲངས་ལས་འདས་པའི་སེམས་ལ་གཏིང་ཟབ་ཟུག་ཡོད། ཁོང་ཚོས་ལོ་17རིང་གི་ལང་ཚོར་བརྟེན་ནས་གནས་ཚུལ་ངོ་མ་རྩད་གཅོད་དང་། གཏེར་འདོན་ལ་རྡུང་རྡེག ཁོར་ཡུག་སྲུང་སྐྱོང་བཅས་བྱས་ཡོད། ཨུ་ཚུགས་མཐའ་སྐྱེལ་བྱས་པ་དེས“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”སྙིང་སྟོབས་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    《བླ་ཤིང》ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་བསྟན་ཟིན་ཡང་ང་ཚོའི་སེམས་སུ་རང་བྱུང་ཁམས་དང་ཚེ་སྲོག་ལ་གུས་སྐྲག་བྱེད་པའི་བསམ་པ་ནམ་ཡང་ཉམས་མེད། བླ་སྲོག་གི་ལྗོན་ཤིང་དེ་མི་རྣམས་ཀྱི་སེམས་སུ་ནམ་ཡང་གནས་སྲིད།

    (རྩོམ་པ་པོ་ནི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》གི་འཁྲབ་ཁྲིད་པ་ཡིན)

    འདི་ནི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བླ་ཤིང》ཞེས་པའི་འཁྲབ་པར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།