དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “བོད་ཀྱི་ཐོན་རྫས་ཡག་པོ”སྣ་ཁ་ཆིག་སྟོང་ལྷག་ཙམ་རྒྱལ་ཡོངས་ཀྱི་ཀ་ར་དང་ཨ་རག་ཚོང་འདུས་སྐབས་114པར་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    ཉེ་ཆར། དུས་ཡུན་ཉིན་3ཡིན་པའི་རྒྱལ་ཡོངས་ཀྱི་ཀ་ར་དང་ཨ་རག་ཚོང་འདུས་སྐབས་114པ་ཁྲེང་ཏུའུ་རུ་འཚོགས་ཤིང་། བོད་ཀྱི་ཚོང་དོན་སྡེ་ཚན་གྱིས་གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན་བཅས་ཀྱི་ཐོན་རྫས་ཁེ་ལས་15སྒྲིག་འཛུགས་ཀྱིས་ནས་ཆང་དང་། ས་མཐོའི་རྒྱུན་འབྲུམ་ཨ་རག བོད་ཤར་གྱི་གཅེས་ནོར། དེ་བཞིན་ཁྱད་ལྡན་ཞིང་ཞོར་ཐོན་རྫས་སོགས“བོད་ཀྱི་ཐོན་རྫས་ཡག་པོ”སྣ་ཁ་ཆིག་སྟོང་ལྷག་ཙམ་ཁྱེར་ནས་ཚོང་འདུས་སུ་ཞུགས་ཤིང་། གདོད་མའི་སྐྱེ་ཁམས་ཀྱི་སྤུས་ཀ་དང་བོད་ལུགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་རྣམ་པའི་ཐོག་ནས་ཁྲེང་ཏུར“ས་མཐོའི་ཚ་རླབས”ཤིག་འཕྱུར་བ་བྱས་པ་རེད།

    བོད་ཀྱི་འགྲེམས་ཁུལ་དུ་སྐྱོད་སྐབས། བོད་ཀྱི་ཉམས་འགྱུར་དང་དེང་རབས་ཀྱི་ཚོང་དོན་མཉམ་འདྲེས་གཏིང་ཟབ་བྱུང་ནས་དེ་མ་ཉིད་དུ་གངས་ལྗོངས་ས་མཐོར་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད། ཚན་རྩལ་འགྲེམས་སྟོན་དང་ཁྱད་ལྡན་ཐོན་རྫས་གཉིས་ནས་བཀྲག་མདངས་འཚེར་ཞིང་། སྲོལ་རྒྱུན་གྱི་སྙོལ་བཟོའི་བཟོ་རྩལ་འགྲེམས་སྟོན་དང་ས་མཐོའི་ཐོན་རྫས་ཁུངས་འདེད་ངོ་སྤྲོད་བྱས་པ་བརྒྱུད། ཐོན་རྫས་ཡོད་དོ་ཅོག་བོད་ཀྱི་སྐྱེ་ཁམས་དང་རིག་གནས་ཀྱི་གཞི་རྟེན་གསོན་པོར་གྱུར་ཡོད་ལ། འགྲེམས་ཁུལ་དེ་ཚོགས་ར་ཡོངས་ཀྱི་དོ་སྣང་བྱ་ཡུལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། གྲོང་མི་དང་ཉོ་སྒྲུབ་ཚོང་པ་མི་ཉུང་བས་འགྲོ་མཚམས་བཞག་ནས་པར་བརྒྱབ་སྟེ། དབྱིངས་ཞུགས་རྣམ་པའི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་ཀྱི་ཡོད།

    ཀ་ར་དང་ཨ་རག་ཚོང་འདུས་ནི་འཛད་སྤྱོད་ཀྱི་སྟོན་མོ་གཟབ་རྒྱས་ཤིག་རེད་ལ། བོད་ཀྱི་ཁེ་ལས་ཀྱིས་ཁྲོམ་ར་གསར་འབྱེད་དང་མཉམ་ལས་གཏིང་ཟབ་བྱེད་པའི་འབྲེལ་ཟམ་གལ་ཆེན་ཡང་རེད། ཚོང་འདུས་ཚོགས་སའི་བོད་ཀྱི་འགྲེམས་ཁུལ་དུ་ངོ་འཕྲད་གྲོས་མོལ་བྱེད་མཁན་མང་ཞིང་། གདོད་མའི་སྐྱེ་ཁམས་དང་ཁྱད་པར་ཅན་གྱི་ས་མཐོའི་ཐོན་རྫས་དག་མིག་སྔའི་འཛད་སྤྱོད་པའི་བདེ་ཐང་དང་ཁྱད་ལྡན་གྱི་འཛད་སྤྱོད་དགོས་མཁོ་དང་འཚམ་པ་མ་ཟད། རྒྱལ་ཡོངས་ས་གནས་ཁག་གི་ཉོ་སྒྲུབ་ཚོང་པས་དོ་ཁུར་ཆེན་པོ་བྱ་ཡུལ་དུའང་གྱུར་ཡོད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཀ་ར་དང་ཨ་རག་ཚོང་འདུས་སྟེགས་བུར་བརྟེན་ནས་བོད་ཀྱི་ཁེ་ལས་ཀྱིས་ཁྲོམ་ར་ཤེས་རྟོགས་བྱེད་པ་དང་། ཚོང་ལས་གོ་སྐབས་འཚོལ་བ། ཚོང་འགྲུལ་ངོ་ཤེས་གཏོང་བ་བཅས་ལ་རམ་འདེགས་བྱས་ཏེ། བོད་ཀྱི་སྐྱེ་ཁམས་རིན་ཐང་དེ་དཔལ་འབྱོར་གྱི་རིན་ཐང་དུ་བསྒྱུར་རྒྱུ་ཡིན། ད་རེས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་འགྲེམས་སྟོན་ལ་ཞུགས་པ་ནི་བོད་ཀྱི་ཐོན་རྫས་བོད་ནས་སི་ཁྲོན་དུ་ཕྱིར་གཏོང་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ནང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་སྤུས་རྟགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཁྲོད་དུ་བོད་ཀྱི་ཐོན་རྫས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།