ཁྲིམས་འཛིན་གྱི་ཐབས་ལམ་བཟང་པོར་བརྟེན་ནས་བྱང་ཐང་གི་སྐྱེ་ཁམས་བསྲུངས་པ།
—— ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རོགས་བྱས་པ།
བོད་བྱང་ཐང་དུ། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཐོག་མའི་བསམ་འདུན་བཅངས་ཏེ་ཁྲིམས་འཛིན་གྱི་སྨྱུ་གུར་བརྟེན་ནས་བྱང་ཐང་ས་གཞི་ཆེ་མོའི་སྐྱེ་ཁམས་ཤོག་དྲིལ་ཐོག་ངོས་སུ་མཛེས་རིས་ལེགས་པར་བཀོད་དེ་ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་ནས་གཡའ་དག་པའི་ནམ་མཁའ་དང་། དྭངས་གཙང་གི་ཆུ་མོ། ས་གཙང་ཁོར་ཡུག་བཅས་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་རམ་འདེགས་ཀྱིས་ནག་ཆུའི“སྐྱེ་ཁམས་གྲོང་ཁྱེར་སྟོབས་ཆེན”གྱི་འཐབ་ཇུས་ཀྱི་རྨང་གཞི་བཏིང་ཡོད་པ་རེད།
ཁྲིམས་སྐྱོང་གི་ཐབས་བཟང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་རི་ཀླུང་བསྲུངས་པ།
ས་མཐོའི་སྐྱེ་ཁམས་ཀྱི་མ་ལག་ཉམས་ཞན་རང་བཞིན་ལ་གཞིཌ་ཏེ། ནག་ཆུ་གྲོང་ཁྱེར་རིམ་ཁག་མི་དམངས་ཁྲིམས་ཁང་གིས“དབྱེར་མེད་གཅིག་མཚུངས”ཀྱི་ཆད་གཅོད་བྱེད་སྟངས་སྟབས་བདེ་མ་སྤྱད་པར་རང་ངོས་ལ་འཚམ་པའི“སྐབས་བསྟུན་གྱི་ཐབས་ལམ”ཞིག་འཚོལ་ཞིབ་བྱས་པ་རེད།
“ང་ཚོས་གྱོད་གཞི་ཐག་གཅོད་བྱེད་སྐབས་སྟབས་བསྡུས་ཙམ་མིན་པར་འགན་འཁྲི་ཡག་པོ་འཁུར་ནས་ལག་ལེན་ཐོག་འཁྱོལ་ཐུབ་པ་བྱས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཁོང་ཚོའི་འདྲི་གཅོད་ཀྱི་འདུ་ཤེས་ལ་གསལ་འགྲེལ་འདི་ལྟར་བྱས། དེ་ལྟར་ཁོང་ཚོས་ཁོར་ཡུག་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཉེས་དོན་དང་། དམངས་དོན། སྲིད་འཛིན་འདྲི་གཅོད་བཅས་ཀྱི་སྲོལ་རྒྱུན་གྱི་བཀག་རྒྱ་གཏོར་ནས་ཁྱབ་ཁོངས་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་བཟོས་ཡོད། དེས་ན་ཁྲིམས་འགལ་བྱེད་སྤྱོད་གཅིག་གི་འགན་འཁྲི་ཚང་མ་སྡེབ་གཅིག་ལ་གསལ་བཟོ་ཐུབ་ནས་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དངོས་འབྲེལ་ཐུབ་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ས་མཚམས་ཀྱི་དབྱེ་བ་མེད་པས་མཉམ་ལས་བྱེད་སྐབས་ཀྱང་སྟོང་ཆ་ལུས་མི་རུང་། ཨ་མདོ་རྫོང་ཁྲིམས་ཁང་གིས་རང་འགུལ་ངང་མཚོ་སྔོན་རྫ་སྟོད་དང་འབྲི་སྟོད་རྫོང་ཁྲིམས་ཁང་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་གི་ས་ཁོངས་སྒྲོལ་བའི་ཁྲིམས་འཛིན་སྲུང་སྐྱོང་མཉམ་ལས་ཀྱི་གྲོས་མཐུན་བཞག་པས། ས་ཁོངས་བསྒྲལ་ནས་མཉམ་འབྲེལ་འདྲི་གཅོད་ཐུབ་སྟེ་སྲུང་སྐྱོང་ཐད་ཁུག་གསང་སྟོང་གསུམ་མ་ལུས་པར་འགན་ལེན་ཐུབ་ཡོད་པ་རེད།
འདྲི་གཅོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རང་མདངས་བསྲུངས་པ།
ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ཤིང་། ཆད་གཅོད་ནན་པོ་དང་། སླར་གསོ། སྔོན་འགོག་བཅས་ཀྱི“སྲུང་སྐྱོང་གི་ཐབས་ཤེས་གསུམ”སྤྱད་ནས་ཁྲིམས་འཛིན་ཞིབ་གཅོད་ཀྱི་ཐབས་ལམ་བཟང་པོ་དེ་ཉིད་བྱང་ཐང་སྲུང་སྐྱོང་གི་རྒྱབ་རྟེན་བརྟན་པོར་འགྱུར་བ་བྱས་པ་རེད།
ས་མཐོའི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེར་ཁྲིམས་ཁང་གིས་ཆད་པ་ནན་པོ་བཅད་ཅིང་། རྐང་བཙུགས་ནས་བསམ་ངན་བཅངས་པ་དང་གནོད་འཚེ་ཚབས་ཆེན་བཟོས་པའི་ཁོར་ཡུག་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་བཅའ་ཁྲིམས་ཀྱི་ལག་ཆ་བེད་སྤྱོད་ཡག་པོ་བཏང་ཡོད། 2025ལོར་ཁྲིམས་དང་མ་མཐུན་པར་གཏེར་ཁ་སྔོག་འདོན་བྱས་པ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་པ་བསགས་པའི་གྱོད་གཞི་7དང་མི་13ལ་ཁྲིམས་ལྟར་འདྲི་ཞིབ་བྱས་ཏེ། སྐྱེ་ཁམས་ཀྱི་སྐྱིན་ཚབ་དང་ཉམས་གསོའི་འགྲོ་སོང་སྒོར་ཁྲི་50ལྷག་ཙམ་འཇལ་དགོས་པའི་ཁྲིམས་གཅོད་བཀའ་རྒྱ་བཏང་ཡོད། གྲངས་གཞི་དེ་དག་ཚང་མ་ལས་ཁྲིམས་འཛིན་ལ་བརྟེན་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད།
ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་སྲིད་འཛིན་གྱོད་གཞིར་ཞིབ་གཅོད་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ཚད་གཞི་ཁ་གསལ་བཟོས་ཏེ་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་བ་ཁྲིམས་སར་ཞུགས་ནས་ཞུ་ལན་སློག་ཏུ་བཅུག་ཡོད། སྲིད་གཞུང་དང་ཁྲིམས་ཁང་མཉམ་སྒུལ་གྱི་ལག་བསྟར་བསམ་འཆར་བཟོ་བར་ཧུར་ཐག་ཞུགས་ཏེ་ཁྲིམས་འཛིན་སྐོང་འདྲི་དང་གྲོས་འགོ་སོགས་ཀྱི་སྟབས་བསྟུན་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས། ཁོར་ཡུག་བཅོས་སྐྱོང་དེ“མཐའ་མའི་ཐག་གཅོད”ནས“མ་བྱུང་སྔོན་འགོག”བར་བསྒྱུར་བར་སྐུལ་འདེད་བཏང་སྟེ་ཁྲིམས་འཛིན་གྱི“འགོག་རགས”ལ་བརྟེན་ནས་བོད་བྱང་ཐང་ས་མཐོའི“སྐྱེ་ཁམས་ཀྱི་འབྱུང་འགྱུར”ཡག་པོ་བསྲུངས་ཡོད།
དམངས་ལ་བརྩེ་བ་བཅངས་ནས་ལེའུ་གསར་བརྩམས་པ།
ལོ་བཞི་བསྟུད་མར“སྐྱེ་ཁམས་ཁྲིམས་འཛིན”ནི་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གི་དམངས་ཆེད་ཁྲིམས་འཛིན་པའི“བྱ་བ་དངོས་བཅུའི”ནང་དོན་གཙོ་བོ་ཞིག་ཡིན། ཁོང་ཚོས“ཁྲིམས་འཛིན+”བྱེད་སྟངས་སྤྱད་དེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ས་མཐོའི་གང་སར་མཉམ་འདྲེས་ཡོང་བར་བྱས་པ་རེད།
སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁྲིམས་ཁང་གཅིག་པུར་བརྟེན་མི་རུང་བར་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། གསེར་རྙེད་ཆུས་དང་ལྷ་རི་རྫོང་སོགས་ཁྲིམས་ཁང་གི་ཏང་ཡོན་དང་ལས་བྱེད་ཉེན་རྟོག་པས“སྐྱེ་ཁམས་ཀྱི་སོ་པའི”མིང་ཐོག་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཁོར་ཡུག་སྲུང་སྐྱོང་གི་འཐབ་ས་དང་པོར་སྤེལ་ཞིང་། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཏང་འཛུགས་དམར·སྐྱེ་ཁམས་སྔོ”ཞེས་པའི་སྤུས་རྟགས་ཟབ་གཏོད་བྱས་ནས་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་འཛམ་གླིང་གི་སའི་གོ་ལའི་ཉིན་མོར་ལྕང་སོན་བཏབ་པ་རེད། ཉི་མ་རྫོང་ཁྲིམས་ཁང་གི“ཉི་མ་ཆུང་ཆུང”བུད་མེད་ཁྲིམས་དཔོན་ལས་དོན་ཁང་གིས་སློབ་གྲྭའི་ཕྱི་རོལ་དུ་སློབ་ཚན་འཚོགས་ཏེ་ཕྲུ་གུ་ཚོར་རི་ཆུའི་ཁྲོད་ནས་ཁྲིམས་སྐྱོང་དང་སྐྱེ་ཁམས་མཉམ་འདྲེས་ཕན་སྐུལ་ཚོར་ཐུབ་པ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།