དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རི་ཚོགས་ཁྲོད་ཀྱི་མུ་ཏིག་གི་ཕྲ་རྒྱན།

    —— ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་གྲོང་གསེབ་དར་རྒྱས་ལས་དོན་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    ཞོགས་པ་ས་བབ་སྨི་4100ཟིན་པའི་བྲག་དཀར་ལུང་ཤུར་ད་དུང་ཁུ་སིམ་མེར་གནས། བཀྲ་ཤིས་སྒྲོལ་དཀར་གྱིས་བོད་བཟོའི་སྒོ་ཡོལ་མཐུག་པོ་ཡར་བཏེགས་ནས་ལོ་བཅུ་གྲངས་བསྡད་པའི་རྡོ་རྩིག་ཁང་པར་ཕྱིར་མིག་ལྟ་ཙམ་བྱས། གྱང་ཟུར་གྱི་སེར་ཁ་ཆུང་ཆུང་དེ་ནི་ས་གཤིས་གནོད་འཚེ་ཐོན་མང་བའི་ལུང་གཞུང་དེས་ཁོང་ལ་བཞག་པའི་དྲན་ཤེས་ཤིག་རེད།

    “ཁང་པ་གསར་པ་རྒྱ་ཆེན་པོ་ཡོད་པ་མ་ཟད། སྤུས་ཚད་ཀྱང་ཡག་པོ་འདུག ས་ཆ་ཁོད་སྙོམས་པས་དེ་སྔོན་གྱི་སྡོད་ས་ལུང་ཤུར་དང་འདྲ་ཡས་མི་འདུག སྔོན་ཆད་འགྲོ་སྐྱོད་བདེ་པོ་མེད་ཁར། གང་སར་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད” ཟླ་བ་ཁ་ཤས་གོང་། བཀྲ་ཤིས་སྒྲོལ་དཀར་ཟངས་རི་རྫོང་བྲག་དཀར་གྲོང་གསར་དུ་ཐེངས་དང་པོ་སླེབས་སྐབས། ཁོང་གིས། སྡོད་ཁང་གསར་པའི་སྒེའུ་ཁུང་ལ་ལྟ་བཞིན་མིག་ལ་མཆི་ཞག་འཁོར། ཆ་སྙོམས་ས་བབ་སྨི་3500ཟིན་པའི་གྲོང་ཚོ་གསར་པ་དེའི་ནང་། མཛེས་མཐུན་གྲོང་གསེབ་35ཡི་གྲས་ཤིག་ཡིན་པའི་བྲག་དཀར་གྲོང་གསར་ལ་སྒྲིག་བཀོད་འཐུས་སྒོ་ཚང་བའི་འཕྲོད་བསྟེན་ཁང་དང་། བུ་བཅོལ་ཁང་། ལུས་སྦྱོང་ཁང་བཅས་ཆ་ཚང་འཛོམས་ཡོད་ལ། མེ་ཏོག་ཀྲང་ཏ་རེན་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་གཞུང་ལམ་ཟུར་དུ་རླུང་གི་འགྲོས་དང་བསྟུན་ནས་གཡོ་བཞིན་མཆིས།

    བཀྲ་ཤིས་སྒྲོལ་དཀར་གྱི་གནས་སྤོའི་གཏམ་རྒྱུད་ནི་ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་གྲོང་གསེབ་དར་རྒྱས་ཀྱི་བསྡུས་རིས་ཙམ་རེད། ཉེ་ཆར་འཚོགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ལས་དོན་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་ལ་ལོ་ཧྲིལ་པོར་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་21.22འབྱོར་ཏེ་རྣམ་གྲངས་223ལག་ལེན་བསྟར་བར། ལས་འགོ་ཚུགས་ཚད་100%དང་ལས་མཇུག་འགྲིལ་ཚད་92.37%ཟིན་པ་དང་། ཀྲུང་དབྱང་གིས་མ་དངུལ་གཏོང་ཚད་100%དང་རིམ་པ་བཞི་པའི་མ་དངུལ་གཏོང་ཚད་97.69%ཟིན་ཡོད་པ་རེད།

    དེ་དང་འདྲ་བའི་གཏམ་རྒྱུད་སྣེ་གདོང་ཆུས་སོ་དྲུག་ཤང་སྡིང་སྣ་གྲོང་ཚོར་ཡང་ཐོན་བཞིན་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཕུན་ཚོགས་གཡུ་སྒྲོན་གྱིས་གསར་དུ་ཁོད་སྙོམས་པའི་གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་ལ་ལྟ་སྐབས་ལོ་གསུམ་གོང་གི་ས་ཆ་དེའི་རྣམ་པ་དྲན། ཁོང་གིས“དེ་སྔོན་ཁྱིམ་ཆས་ཉོས་ཏེ་ནང་ལ་དབོར་དགོས་བསམས་ན། འཁོར་རིགས་འགའ་ཤས་བརྗེ་དགོས། རླངས་འཁོར་གྱིས་གྲོང་ཚོའི་འགྲམ་དུ་བསྐྱལ་རྗེས་འདྲུད་འཐེན་འཁོར་ལོས་དབོར་བ་དང་། མཇུག་མཐར་མིས་ནང་ལ་དབོར་དགོས”ཞེས་བརྗོད།

    “ད་ཆ་འདྲ་གི་མ་རེད། འགྲོ་ལམ་རྒྱ་ཆེ་རུ་སོང་བས། རླངས་འཁོར་ཁྱིམ་གྱི་སྒོ་རྩར་གཏོང་ཐུབ་ཀྱི་འདུག སྟབས་བདེ་རུ་ཞེ་དྲག་ཕྱིན་འདུག”ཅེས་ཡུལ་མི་ལྷ་མོས་མྱོང་ཚོར་ཟབ་མོས་བརྗོད། 2025ལོའི་དབྱར་ཁར། ཡུལ་སྐོར་བ་ཁག་ཐེངས་མང་པོ་རྟ་རྒྱུག་འགྲན་བསྡུར་ལ་ལྟ་བར་ཡོང་བ་དང་བསྟུན་ནས་སྡིང་སྣ་གྲོང་ཚོའི་མིང་གྲགས་ཀྱང་ཉིན་རེ་ལས་མ་འདས་པར་ཇེ་ཆེར་ཕྱིན།

    འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོར། ཡུལ་མི་རྡོ་རྗེ་ཚེ་བརྟན་གྱིས་སྒོ་རའི་ནང་གི་རྒྱ་སེའི་མ་ཏོག་ལ་ཡལ་བཞུར་རྒྱག་བཞིན་ཡོད། ན་ནིང་། ཁོང་གིས་སྲིད་གཞུང་གི་ཁ་གསབ་དངུལ་དང་རང་ཉིད་ཀྱིས་གྲབས་གསོག་བྱས་པའི་དངུལ་བསྡོམས་སྒོར་ཁྲི་3ལྷག་ཙམ་བཏང་ནས། ཁྱིམ་གྱི་སྒོ་རར་མཛེས་བཟོ་དང་སྤང་རྩྭ་བཏིང་བ་མ་ཟད། ཐབ་ཚང་དང་གསང་སྤྱོད་ལ་ཆུ་ཀ་ལ་ཁྲིད་པ་རེད། ཁོང་གིས“ནང་ལ་བསྡུ་གསོག་ཡག་པོ་བརྒྱབ་ན་སྐྱིད་སྣང་དོད་པོ་འདུག”ཅེས་བརྗོད། ད་ཆ། འཕྱོངས་རྒྱས་རྫོང་གིས་སྲིད་གཞུང་དང་། མང་ཚོགས། གྲོང་ཚོའི་མཉམ་སྡེབ་བཅས་ཟུང་དུ་སྦྲེལ་བའི་བྱ་ཐབས་སྤྱད་དེ། དུད་ཚང་200ལ“མཛེས་ལྡན་སྒོ་ར”བསྐྲུན་ནས། གྲོང་ཚོ་ཚང་མ་གཙང་སྦྲ་དོད་པ་ནས་དུད་ཚང་ཚང་མ་གཙང་སྦྲ་དོད་པའི་བར་འགྱུར་བར་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། 2025ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་འཁོར་མོར་མཛེས་མཐུན་གྲོང་གསེབ་35བསྐྲུན་ཞིང་། དུད་ཚང་4468ཀྱི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་། དུད་ཚང་16946ལ་མི་ཕྱུགས་ལོགས་དབྱེ་བྱས་ཡོད། ད་ལོའི་ལོ་འགོར། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་ཁྱོན་བསྡོམས་ཁྱིམ་ཚང་འཕྲོད་བསྟེན་གསང་སྤྱོད་ཁྲི་6.27ལྷག་ཙམ་བསྐྲུན་ཞིང་ཁྱབ་གདལ་གཏོང་ཚད་89%ཟིན་པ་དང་། གད་སྙིགས་གནོད་མེད་ངང་ཐག་གཅོད་བྱེད་པའི་སྒྲིག་བཀོད་སྲིད་འཛིན་གྲོང་ཚོ་97%ལ་ཁྱབ་ཡོད་པ་རེད།

    ས་བབ་དེ་བས་མཐོ་སར་ཡང་མི་སེམས་འགུལ་བའི་འགྱུར་ལྡོག་བྱུང་ཡོད།

    མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་དུ་དགུན་དུས་རིང་བའི་ཁར་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་མོད། ཡིན་ན་ཡང་ད་ཆ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་དྲོད་རླངས་ཁྲིད་ཡོད་པ་མ་ཟད་ད་དུང་གསོ་རླུང་འཕྲུལ་ཆས་བསྒར་ཡོད་པ་དང་སྒེའུ་ཁུང་གི་ཁ་རུ་ཡང་མེ་ཏོག་སོགས་སྔོ་ཐིང་ཐིང་མཐོང་རྒྱུ་ཡོད། “སྔོན་ཆད་དགུན་ཁ་བསླེབས་ཚེ་ལྕི་བ་བསྲེགས་ནས་དྲོད་ལེན་དགོས་པས་ཁང་པའི་ནང་དུ་དུ་བས་ཁེངས་ཀྱི་ཡོད། ད་ཆ་དྲོད་རླངས་ཁྲིད་པ་མ་ཟད། ད་དུང་གསོ་རླུང་འཕྲུལ་ཆས་ཀྱང་བཀོད་སྒྲིག་བྱས་པས་མཚན་མོར་གཉིད་ཧ་ཅང་སྐྱིད་པོ་ཁུག་གི་འདུག”ཅེས་ཡུལ་མི་ཚེ་རིང་དབང་མོས་དགའ་སྤྲོའི་ངང་བརྗོད། 2025ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་དུ་གསོ་རླུང་དང་དྲོད་རླངས་མཁོ་འདོན་བྱེད་པའི་ལས་གྲྭ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་སྟེ། ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་ཚང་མར་གསོ་རླུང་དང་དྲོད་རླངས་མཁོ་འདོན་བྱས་པས“འཚོ་གནས་དཀའ་ཁུལ”རེ་རེ་བཞིན་སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས་སུ་གྱུར་ཡོད་པ་རེད།

    2025ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་། དྲ་མིག གྲངས་འཛིན་བཅོས་སྐྱོང་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་ཁྱབ་གདལ་བཏང་ནས་དྲ་མིག་ཏང་རྩ་འཛུགས་2037བཙུགས་ཏེ་རྫོང་དང་ཤང་ཚང་མར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྱབ་པར་བྱས་ཡོད། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་སྐལ་བཟང་རིག་འཛིན་གྱིས“ང་ཚོས་སྡེ་ཁུལ་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་ཀྱི་ཡོད། དྲ་མིག་ཅན་དོ་དམ་གྱིས་ང་ཚོར་སྟབས་བདེ་བསྐྲུན་པ་མ་ཟད། ང་ཚོའི་སྡེ་ཁུལ་འདི་ཉིད་སྔར་བས་ཞི་མཐུན་དུ་ཡང་གྱུར་ཡོད”ཅེས་བརྗོད། ལོ་དེར་ལྷོ་ཁ་གྲོང་ཁྱེར་ལ་ལྗོངས་ཡོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་འཛུགས་གཏོད་ཀྱི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར་གྱི་གཟེངས་བསྟོད་མཚན་སྙན་ཐོབ་པ་དང་། ལྷོ་ཁ་གྲོང་ཁྱེར་དང་དེ་བཞིན་ཆུ་གསུམ་རྫོང་དང་ཟངས་རི་རྫོང་2025—2027ལོའི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་མིང་འདོན་གྲོང་ཁྱེར་ལ་བདམས་པ། ལྷོ་བྲག་རྫོང་གི་ལ་རྒྱབ་ཤང་དང་། སྣེ་གདོང་ཆུས་ཀྱི་དགའ་གདོང་མཐུན་སྒྲིལ་གྲོང་གསར། ཆུ་གསུམ་རྫོང་གི་པ་ནི་གྲོང་ཚོ། རྒྱ་ཚ་རྫོང་གི་ལ་སྒང་གྲོང་ཚོ་བཅས་ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་སོགས་ཀྱི་མཚན་སྙན་ཐོབ་པ་རེད།

    ཕྱོགས་ཀྱི་བུ་མོས་སྲོད་ཀྱི་ཡོལ་བ་འཐེན། བཀྲ་ཤིས་སྒྲོལ་དཀར་གྱི་སྡོད་ཁང་གསར་པའི་ཡངས་ཤིང་དཀར་ཆ་དོད་པའི་ཚོམས་ཆེན་དུ་ཁོང་གི་ཚ་བོ་ཆུང་ཆུང་རྩེད་འཇོར་རོལ་བཞིན་མཆིས། སྒེའུ་ཁུང་ཕྱི་རོལ་དུ། བྲག་དཀར་གྲོང་གསར་གྱི་ཉི་ནུས་ལམ་སྒྲོན་དག་ཡར་ཀླུང་གཙང་པོའི་ངོགས་དང་རི་ཚོགས་ཀྱི་དབུས་སུ་བཏབ་པའི་མུ་ཏིག་གི་ཕྲ་རྒྱན་ལྟར་དཀར་འོད་ཆེམ་ཆེམ་དུ་འཕྲོ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།