ཀྲུང་གོའི་ཞིང་ལས་འཕྲུལ་ཆས་ཕྱི་རྒྱལ་གྱི་ཞིང་ཐང་དུ་སྤྱོད་པ།

འདི་ནི་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ཅིན་ཀྲོའུ་གྲོང་ཁྱེར་ཀྲོའུ་ཅ་ཀྲོང་ཤང་དུ་ཞིང་པས་རྩི་ཤིང་སྲུང་སྐྱོང་འཕྲུལ་མི་བཏང་སྟེ་ཞིང་ནང་ལས་ཀ་བྱེད་བཞིན་པ།
ཀྲུང་གོའི་ཞིང་འཕྲུལ་ཕྱིར་གཏོང་བྱེད་ཚད་སྔར་བྱུང་མྱོང་མེད་པའི་སྒོ་ནས་མཐོ་རུ་འགྲོ་བཞིན་ཡོད། ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོའི་ཀྲུང་གོའི་ཞིང་འཕྲུལ་ཕྱིར་གཏོང་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་674.19ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་32.3%འཕར་ཡོད། 2024ལོར། ཀྲུང་གོ་ནི་འཛམ་གླིང་ཐོག་ཞིང་ལས་འཕྲུལ་ཆས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གསུམ་གྱི་གྲས་ཡིན་པ་དང་། 2025ལོའི་ལོ་སྟོད་དུ། ཨ་རི་ལས་བརྒལ་ཏེ་ཀྲུང་གོ་དེ་ཉིད་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་སྐབས་དེར་འཇར་མན་ཨང་དང་པོ་རེད། ཡིད་འཇོག་བྱེད་དགོས་པ་ཞིག་ལ། ཕྱིར་གཏོང་ཐོན་རྫས་དེ་དག་ཁྲོད་ནས་མང་པོ་ཞིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་ཕྱིར་གཏོང་བྱེད་ཚད་ཤུགས་ཆེན་འཕར་བ་དང་། ལ་ཏིང་མེ་གླིང་དུ་ཕྱིར་གཏོང་བྱེད་ཚད་ཀྱང་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བཞིན་ཡོད། འདིས་འཛམ་གླིང་ཞིང་འཕྲུལ་ཁྲོམ་རའི་ཐོག་གི་ཀྲུང་གོའི་གནས་བབ་གལ་ཆེན་སྔར་བས་བརྟན་དུ་བཏང་ཡོད།
གལ་འགངས་ཆེ་བ་གཞན་ཞིག་ནི་དེའི་འགྲན་ཟླ་བྲལ་བའི་ནུས་གོང་གཉིས་བསྡུར་དང་ཐོབ་སླ་བའི་ཁྱད་ཆོས་ཡིན་པ་སྟེ། ཀྲུང་གོའི་ཞིང་འཕྲུལ་གྱི་མ་གནས་རྒྱལ་སྤྱིའི་རིགས་གཅིག་པའི་ཐོན་རྫས་ལས་ཤིན་ཏུ་དམའ་བ་དང་ཆབས་ཅིག་གཤིས་ཤུགས་ཀྱང་ཆེན་པོ་ཡོད། ཀྲུང་གོའི་འཐུས་སྒོ་ཚང་བའི་མཁོ་སྤྲོད་འཁོར་འབྲེལ་མ་ལག་དང་། གཞི་ཁྱོན་རང་བཞིན་གྱི་ཐོན་སྐྱེད། ནུས་ཆེའི་ལས་གཉེར་དོ་དམ་བཅས་ཀྱིས་ཀྲུང་གོའི་ཞིང་ལས་འཕྲུལ་ཆས་ཆེ་ཆུང་ཚང་མར་ནུས་གོང་གཉིས་བསྡུར་ལྡན་པར་རམ་འདེགས་བྱས་ཡོད།
རིག་ནུས་ཅན་དང་ལྗང་མདོག་ཕྱོགས་སྒྱུར་ཐད་ཀྱི་སྔོན་སྤེལ་ལེགས་ཆ་ལས་ཀྲུང་གོའི་ཞིང་འཕྲུལ་ལ་ཐོན་ལས་འཕོ་འགྱུར་ཁྲོད་དུ་རང་འགུལ་དབང་ཆ་སྔོན་འཛིན་ཐུབ་ཡོད། ཞིང་འཕྲུལ་ལ་བྱང་སྐར་ཕྱོགས་སྟོན་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱས་པ་བརྒྱུད། ལས་བྱ་གནད་སྨོན་ཡོང་བ་མངོན་འགྱུར་ཐུབ་ཡོད། ནུས་རྒྱུ་གསར་པའི་ཞིང་འཕྲུལ་ཕྱིར་གཏོང་བྱེད་ཚད་ཤུགས་ཆེར་ཕྱིན་ནས་རྒྱལ་ཁབ་དང་ས་ཁུལ་བརྒྱ་ཡན་གྱི་ཞིང་ལས་དེང་རབས་ཅན་དུ་ཕྱོགས་སྒྱུར་བྱེད་པར་ཐག་གཅོད་ཀྱི་ཇུས་གཞི་ཡག་པོ་ཞིག་མཁོ་འདོན་བྱུང་ཡོད།
—— ཕ་ཁི་སི་ཐན་རང་ཚུགས་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།