ཀྲུང་གོའི་དཔེ་མཛོད་ཁང་དུ་ཡོང་མཁན་ཧ་ཅང་མང་བ།

འདི་ནི་ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཡུང་ཁང་ཏ་སི་སྲང་ལམ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཁྲོམ་གཞུང་གི་ཀྲུང་ཧྲུའུ་ཀེ་དཔེ་ཁང་དུ་གྲོང་མིས་ལྟ་སྐོར་བྱེད་བཞིན་པ།
2026ལོའི་ཟླ་2ཚེས་1ཉིན་ནས་བཟུང་། ཀྲུང་གོས《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》ལག་ལེན་བསྟར་ཞིང་། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་དཔེ་ཀློག་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་དང་འབྲེལ་ལོ་རེའི་ཟླ་བ་བཞི་པའི་གཟའ་འཁོར་བཞི་པ་དེ་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་དུ་གཏན་འཁེལ་བྱ་ཆེད་ཡིན་པ་རེད།
མིག་སྔར། ཀྲུང་གོའི་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་དཔེ་ཁང་དུ་ཡོད་པའི་མི་རྒྱུན་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། ད་ལོའི་ཟླ་བ་དང་པོའི་བརྟག་དཔྱད་ཅིག་ལས་མངོན་པར། ལས་ཀའི་ཉིན་མོ་དང་གཟའ་མཇུག་ཏུའང་ཧྲང་ཧའེ་ཡི་དཔེ་ཀློག་ཁང་གང་སར་དཔེ་དེབ་ལྟ་མཁན་གྱིས་ཁེངས་ཡོད་པ་རེད། དཔེ་མཛོད་ཁང་གིས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་ཞིང་། ཁོ་ཚོས་དེ་གར་དཔེ་དེབ་གཡར་བ་མ་ཟད། ད་དུང་འདུ་འཛི་དང་ཟང་ཟིང་གི་གྲངས་འཛིན་འཇིག་རྟེན་ལས་བྲལ་ཏེ་སེམས་རྣལ་དུ་ཕབ་ནས་ལས་ཀ་དང་དཔེ་ཀློག་ལ་རོལ་བཞིན་ཡོད། དཔེར་ན། ཧྲང་ཧའེ་དཔེ་མཛོད་ཁང་གི་ཤར་ཁུལ་ནི་ཀྲུང་གོའི་རྒྱལ་ནང་གི་དཔེ་ཁང་གཅིག་པུའི་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་མཛོད་ཁང་ཡིན་ཞིང་། དེ་གར་དཔེ་དེབ་བལྟས་ནས་སྡོད་ས་6000ཙམ་ཡོད་པ་མ་ཟད། བརྗོད་དོན་གཙོ་བོའི་ལྟ་ཀློག་ཞབས་ཞུའི་བར་མཐོངས་དང་། རིག་ལྡན་རིག་གནས་བསམ་བཀོད་ཁུལ། དེ་བཞིན་ཐོག་སོ་ཚང་མར་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ཁང་དང་། རང་སྦྱོང་ཁང་། དཔེ་ཀློག་ཁང་བཅས་ཡོད། གཞན་ཡང་རྒན་དར་གཞོན་གསུམ་ལ་སོ་སོའི་ཁྱད་ཆོས་དང་མཐུན་པའི་སྤྱི་པའི་རིག་གནས་ཞབས་འདེགས་ཞུ་ཡི་ཡོད།
ཀྲུང་གོའི་སྲོལ་ཡིག་གསར་པའི་ནང་སྡེ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ལ་ཁྱབ་པའི་དཔེ་ཀློག་སྒྲིག་བཀོད་འཆར་འགོད་བྱེད་པ་དང་། སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་ཀློག་ཁང་དང་རང་སྦྱོང་ཁང་རིན་མེད་ངང་སྒོ་ཕྱེ་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད། རླངས་འཁོར་འབབ་ཚུགས་དང་། གནམ་ཐང་། སྨན་ཁང་། ཁྲོམ་ར། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་དེ་མཚུངས་ཀྱི་དཔེ་ཀློག་ཁུལ་འཛུགས་རྒྱུའི་བསྔགས་སྐུལ་ཡང་བྱས་ཡོད། འབྲེལ་ཡོད་སྲོལ་ཡིག་ནང་ད་དུང་གྲངས་འཛིན་དཔེ་ཀློག་དང་སྲོལ་རྒྱུན་དཔེ་ཀློག་ཟུང་འབྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
—— ཧྥ་རན་སིའི་རྩོམ་རིག་གསར་འགྱུར་དྲ་བར་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།