བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
—— རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་རིམ་སྤེལ་དཔྱད་གླེང་བཞི་པ།
2035ལོའི་ཁས་ལེན་དམ་བཅའ་རྔམ་བརྗིད་ལྡན་ཞིང་། “བདེ་ཐང་ཀྲུང་གོ་བསྐྲུན་ཟིན་པ་བྱེད་པ་”དང་། “དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་པ” “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ”སོགས་འགག་རྩའི་གནས་ཚད་དེ་དག་ལོ་རྒྱུས་ནང་བརྟན་པོར་འཁོད་རྒྱུ་རེད།
བདེ་ཐང་ཀྲུང་གོ་བསྐྲུན་ཟིན་པ་བྱེད་རྒྱུར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང“ལོ་ལྔ་ཚན་བཅོ་ལྔ་པ”ནི་དམིགས་ཚད་འདི་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ངེས་པར་དུ་སྤྱི་འདོམས་འཆར་འགོད་དང་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱེད་དགོས་ཞེས་ཁ་གསལ་བསྟན་གནང་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པའི་དེང་རབས་ཅན་དང་མི་དམངས་བདེ་ཐང་ནི་མཚོན་རྟགས་གལ་ཆེན་ཞིག་རེད།
བདེ་ཐང་ཀྲུང་གོ་མགྱོགས་མྱུར་སྐྲུན་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཅིག་འདོམས་གནང་ནས། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བའི་ཐབས་ཇུས་གལ་ཆེན་དེ་བཏོན་གནང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྲ་ཞིང་བརྟན་པའི་བདེ་ཐང་གི་རྨང་གཞི་བཏིང་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཅིང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་ནག་གི་གནད་དོན་རྦད་དེ་ཐག་གཅོད་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་ཡོད། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག ནད་གཞི་སྔོན་འགོག་དང་ཚོད་འཛིན་མ་ལག་བཙུགས་ཟིན་པ་སོགས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་དང་ཐུན་མོང་འབྱོར་ཕྱུག་གི་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།
མི་འབོར་གཞི་ཁྱོན་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་ས་ཁོངས་ཧེ་བག་སྔར་བཞིན་ཅུང་ཆེ་བའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་བདེ་ཐང་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ།
ལོ་བཅུའི་གོང་འཚོགས་པའི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་སྟེ། གཞི་རིམ་གཙོ་གནད་དུ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། སྔོན་འགོག་གཙོ་བོར་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་གལ་ཆེ་མཉམ་འཛིན་བཅས་བྱས་ནས། བདེ་ཐང་དེ་སྲིད་ཇུས་ཚང་མའི་ནང་མཉམ་འདྲེས་བྱས་ཏེ་མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱས་ཡོད།
བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྒྱལ་བབ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ལ་གཞུང་དྲང་ངང་ཁྱབ་ཐུབ་པ་དང་། བརྒྱུད་རིམ་ལྡན་ལ་རྒྱུན་མཐུད་ཐུབ་པ། སྤུས་ལེགས་ནུས་ཆེན་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཐུགས་ཐག་ཆོད་པ་ཤུགས་དང་ལྡན་པ་ཞིག་ཡོད་པ་སྟེ། ཁོང་གིས། “དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་སོང་བ་དང་སྦྲགས། འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ལ་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་མོད། འོན་ཀྱང་རྩ་བའི་གནད་དོན་ཐད་ངེས་པར་དུ་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་དར་ཆའི་ཐོག་སྤྱི་ཕན་རང་བཞིན་བཀོད་དགོས་པ་སྟེ། མི་ཚོགས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ཕན་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ལ། དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་ཁ་ཕྱོགས་སུའང་མདུན་སྐྱོད་བྱས་ནས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས།
བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི“གནད་འགག”ལ་དམ་འཛིན་ཡག་པོ་བྱེད་དགོས།
བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ལག་བསྟར་བྱེད་པ། སྨན་བཅོས་སྒྲིག་གཞིའི་ཞིབ་བཤེར་དང་བརྟག་དཔྱད་ཀྱི་རྣམ་གྲངས་ཕན་ཚུན་ཁས་ལེན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བུ་བཅོལ་ཞབས་ཞུ་མཁོ་བའི་ཁྱིམ་ཚང་དེ་བས་མང་བར“བུ་བཅོལ་ཐུབ་པ”དང“བློ་བདེ་པོས་བུ་བཅོལ་བ”སོགས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཚགས་ཚུད་བྱས་ཡོད།
སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། བདེ་ཐང་དང་ཡ་རབས་ལྡན་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་སྐུལ་འདེད་ཤུགས་ཆེན་བཏང་བས། མ་འོངས་ལོ་ལྔའི་ནང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ངེས་རེད།
བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི“སྨན་ཐོ་ཆུང་ཆུང”ལ་བརྟེན་དགོས་ལ། སྤྱི་ཚོགས་ཧྲིལ་པོ་མཉམ་འགུལ་གྱི“སྨན་ཐོ་ཆེན་པོར”དེ་བས་ཀྱང་བརྟེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་། ལམ་ལུགས། མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རྒྱལ་ཡོངས་ཀྱིས་མུ་མཐུད་ས་ཁུལ་དང་གྲོང་ཁྱེར་ཚན་པར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སན་མིང་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད་ལ། སྨན་བཅོས་སྒྱུར་བཅོས་བྱེད་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་དེ་སེལ་ཆེད། སན་མིང་ནི་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་འཁུར་ཕོད་པས་སྐད་གྲགས་ཆོད་ཡོད།
སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་བའི་བར་དང་། དེ་ནས་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་མང་པོ་ཞིག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་འཚོལ་ཞིབ་དང་། ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་བདེ་ཐང་གིས་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་དཔྱད་དཔོག་བྱེད་པའི་བར། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གཅིག་པུའི་ལས་ཀ་ཞིག་མིན་པར་དེ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད།
བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱས་ནས་ཚན་རྩལ་གསར་གཏོད་ཀྱི“འགག་རྩའི་འགྱུར་ཚད”དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འཕར་འབོར་ཆེ་ཤོས”ལ་གང་མགྱོགས་འགྱུར་བར་བྱེད་དགོས།
རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། བོད་དུ་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་གཞོལ་ནས་ཡུན་རིང་སོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང“རིག་ནུས་གསོ་རླུང་སྒྲོམ་ཚང་དང་དུས་ཐོག་ཏུ་ཁྲག་ནང་གསོ་རླུང་འདུས་ཚད་ཞིབ་དཔྱད་ཟུང་འབྲེལ”སོགས་ཀྱི་བྱ་ཐབས་སྤྱད་པ་ལས། ས་མཐོའི་ནད་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་བཏང་ཡོད་ཅེས་སྙན་སེང་ཞུས་ཡོད།
གངས་ལྗོངས་ས་མཐོའི་ལག་ལེན་ནི་ཚན་རྩལ་ལ་བརྟེན་ནས་བདེ་ཐང་ཀྲུང་གོར་མཐུན་རྐྱེན་སྦྱོར་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
འབྱུང་འགྱུར་ལ་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསལ་སྟོན་གནང་བ་སྟེ། “ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ”དང“དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”“ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་མི་ཐབས་རིག་ནུས་འཚོལ་ཞིབ་བྱེད་པ”སོགས་རེད།
གཅོང་ནད་ཆེན་པོ་བཞི་དང་། འགོ་ནད། སྨན་རྫས་གསར་གཏོད་སོགས་ཆེད་དོན་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གྲངས་རིག་ལག་རྩལ་ལ་བརྟེན་ནས་སྨན་བཅོས་ཞབས་ཞུའི་ལས་ཕྱོད་དང་གནད་སྨིན་ཐུབ་ཚད་མཐོ་རུ་གཏོང་བ། “མི་ཐབས་རིག་ནུས་དང་སྨན་བཅོས་འཕྲོད་བསྟེན་ཟུང་འབྲེལ”གྱི་ཚད་ལྡན་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་འབྱུང་འགྱུར་ལོ་ལྔའི་ནང་འཕྲོད་བསྟེན་བདེ་ཐང་གི་ཐོན་སྐྱེད་ནུས་ཤུགས་གསར་མ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་ནས་བདེ་ཐང་ཀྲུང་གོ་གང་མགྱོགས་བསྐྲུན་པར་འདེགས་སྐྱོར་གྱི་ནུས་པ་འདོན་རྒྱུ་རེད།
ཐོག་སོ་དགུ་ལྡན་ས་རྡོ་རིམ་བརྩེགས་བྱས་ནས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བཞིན་གོམ་པ་རེ་རེ་བཞིན་སྤོ་དགོས་པ་དང་། གོམ་པ་རེ་རེ་བཞིན་སྤྱི་དམངས་སྨན་བཅོས་ཀྱི་རྨང་གཞི་འདིང་དགོས།
འཆར་གཞི་བཀོད་ཟིན་པས་དངོས་སྒྲུབ་གཙོ་བོར་འཛིན་དགོས། ང་ཚོས་ལག་གདང་སྦྲེལ་ནས་བློ་གཅིག་སེམས་གཅིག་གིས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་དམ་པོར་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་ཡག་པོ་སྐྱོད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།