དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བའི་དྲན་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-30

    འདི་ནི་ཟླ་3ཚེས་27ཉིན། གཞིས་རྩེ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་གླུ་གཞས་འགྲན་བསྡུར་གྱི་མཐའ་བསྡུར་ཇོ་མོ་གླང་མའི་ཟློས་གར་ཁང་ཆེ་མོར་གཉེར་ཞིང་། འདི་ནི་ཞིང་འབྲོག་པའི་འཐུས་མི་རུ་ཁག་གིས《དུས་རབས་གསར་པའི་ཞིང་པ》ཞེས་པའི་གླུ་གཞས་གཏོང་བཞིན་པ།

    འདི་ནི་ཟླ་3ཚེས་27ཉིན། “ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱས་ནས་དགེ་རྒན་གྱི་ཉམས་བཟང་ངོམ”ཞེས་པའི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་དགེ་སློབ་ཀྱི་རིག་རྩལ་མཚན་ཚོགས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་ཞིང་། འདི་ནི་རིག་རྩལ་དགོང་ཚོགས་འཚོག་ཡུལ་ཡིན་པ།

    འདི་ནི་ཟླ་3ཚེས་28ཉིན། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བ་དང“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་ཀྱི་ཞབས་བྲོ་འགྲན་བསྡུར་སྐབས་གཉིས་པའི་བསྐྱར་འགྲན་བྱེད་སྒོ་སྤེལ་བ་རེད། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་18པ་འཆར་བའི་མཚམས་སུ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་སྒྲིག་འཛུགས་ཚགས་ཚུད་བྱས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲན་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67སོང་རིང་གི་ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་པ་རེད།

    རྔམ་བརྗིད་ལྡན་པའི་མཛད་སྒོས་བརྩེ་སེམས་ཟབ་མོ་མངོན། ལོ་རྒྱུས་བློ་ལ་ངེས་ནས་ཐོག་མའི་བསམ་འདུན་སྲུང་།

    ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་18པ་ཡིན་ཞིང་། ས་གནས་ཁག་གིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་བྱས་ཡོད།

    མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཐང་ཆེན་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་500ལྷག་ཙམ་མཉམ་དུ་འཛོམས་ནས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དུ་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་རེད། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བསམ་དཀར་དོན་གྲུབ་ཀྱིས“ད་ཆ་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ནས་བདེ་སྐྱིད་ལྡན། ང་ཚོས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ། བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་མྱོང་ཚོར་ཟབ་མོས་བཤད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྤོ་བོ་རྫོང་སོགས་ཀྱིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོཌ་ཤིང་། བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་500ལྷག་ཙམ་བྲག་ཡིབ་ཆུས་སྲིད་གཞུང་གི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་པ་རེད། སྤོ་བོ་རྫོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་གྱིས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་དྲན་གསོ་ཞུས་པ་མ་ཟད། གངས་ལྗོངས་ས་མཐོར་ལོ་ངོ་67རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བར་བསྔགས་བརྗོད་ཀྱང་བྱས་པ་རེད།

    རིག་རྩལ་འཁྲབ་སྟོན་བྱས་ཏེ་སྙིང་གཏམ་གླེང་། གངས་ལྗོངས་འཕོ་འགྱུར་གསར་པར་བསྔགས་བརྗོད་བྱས།

    ས་གནས་ཁག་གིས་རིག་རྩལ་འཁྲབ་སྟོན་གཞི་རྟེན་དུ་བྱས་པ་དང་གསོན་ཉམས་དོད་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་དྲིན་ཚོར་གྱི་བསམ་པ་བརྒྱུད་སྤྲོད་བྱས་ཏེ། གངས་ལྗོངས་ས་མཐོའི་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་མངོན་པར་བྱས་ཡོད།

    ཟླ་3ཚེས་28ཉིན། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་བརྗོད་དོན་གཙོ་བོའི་རིག་རྩལ་འགྲེམས་འཁྲབ་བྱས་ཏེ་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་སླར་ཡང་མངོན་པར་བྱས་ཤིང་། ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཀྲ་ཤིས་ཚེ་རིང་གིས། འགྲེམས་འཁྲབ་དེ་ནི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་ཞིག་ཡིན་ལ། གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཀྱང་རེད་ཅེས་བཤད།

    ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་ཧྭ་གློག་བོད་ལྗོངས་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་དང་ཡུལ་མི་ཚོ་ལྷན་དུ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཛོམས་ཤིང་། ཕྲུ་གུ་ཚོས་དྭངས་ཤིང་གཙང་བའི་བྱིས་པའི་སྐད་གདངས་ལ་བརྟེན་ནས《བྱིས་བློ་ཏང་ལ་ཕྱོགས》ཞེས་པའི་གླུ་དབྱངས་བླངས་པ་དང་ཡུལ་མི་ཚོས་མཉམ་དུ་གླུ་དབྱངས་ལེན་བཞིན་མིག་མདངས་ལས་བརྩེ་བ་ཟབ་མོ་མངོན།

    དམངས་ཕན་ཞབས་ཞུ་སྤེལ་ནས་མཉམ་ཤུགས་བསྒྲིལ། མི་རིགས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་འབུངས།

    ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲན་གསོའི་བྱེད་སྒོའི་གོ་སྐབས་དམ་པོར་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཕན་ཞབས་ཞུ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་། ཟོལ་མེད་ཀྱི་འགྲོ་འོང་ལ་བརྟེན་ནས་སྤུན་ཟླའི་བརྩེ་སེམས་ཟབ་ཏུ་བཏང་བ་མ་ཟད། དྲོ་སྐྱིད་དང་སྟོབས་ཤུགས་མི་སེམས་སུ་ཟུག་པ་དང་གཞི་རིམ་ལ་ཕན་ཐོགས་པར་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་ཆ་སྒྲིག་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ནས་ཚང་མ་མཉམ་དུ་འཛོམས་ཏེ་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་གསར་པའི་སྐོར་གླེང་བ་དང་། ལོ་ངོ་67རིང་གི་འཕེལ་རྒྱས་དང་འཕོ་འགྱུར་ལ་ཕྱིར་དྲན། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་བཅས་བྱེད་ཀྱིན་མི་རིགས་དབར་གྱི་འབྲེལ་བ་དང་བརྩེ་སེམས་སྔར་བས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཞི་རིམ་དུ་རྟག་ཏུ་བཞད་པར་བྱས།

    ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གོང་དཀར་རྫོང་ཁྲིམས་འཛིན་ཅུས་དང་མཉམ་དུ་ཁྱིམ་བཞི་ཤང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་དང་བླངས་ཞབས་ཞུ་སྤེལ་ཏེ། བཅའ་ཁྲིམས་རོགས་སྐྱོར་དང་སྲིད་ཇུས་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་དོགས་གནད་བསལ་ནས་མང་ཚོགས་ལ་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུར་ཁྲིད་སྟོན་ཡང་བྱས་པ་རེད།

    ས་གནས་ཁག་གིས་ད་དུང་དུས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།