དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བོད་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་བར་བྱེད་དགོས།

    —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2026-03-29

    མི་དམངས་དུང་ཕྱུར་མང་པོས“ལོ་ལྔ་ཚན་བཅོ་ལྔ་པའི”འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པའི་སྐབས་འདིར། ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བའི་ལོ་བསུས་ཡོད། སྤྱི་ཚོགས་ཀྱི་འཕོ་འགྱུར་རླབས་པོ་ཆེ་འདིར་དྲན་གསོ་ཞུ་ཆེད། བོད་མི་དམངས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ངང་ཏང་གི་འགོ་ཁྲིད་འོག་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།

    མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཅིང་། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་བོད་མི་དམངས་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་བསལ་བ། བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། ད་ཆའི་བོད་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཁམས་བཟང་ཡང་མེད་པ་ར་སྤྲོད་གང་ལེགས་ཐུབ་ཡོད།

    2025ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ་དེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་དིང་རིའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་གི་མི་སེམས་འགུལ་བའི་ལེའུ་བརྩམས་པ་ནས་ཡར་སྨད་ཆུ་གློག་ལས་གྲྭ་སྐྲུན་འགོ་ཚུགས་པའི་བར་མི་རབས་ཁ་ཤས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་སོགས་འབད་འཐབ་ཀྱི་གོམ་སྟབས་ནི་དཀའ་སྡུག་ལ་མི་སྐྲག་ཅིང་བློ་རྩ་བརྟན་ལ་ཤུགས་དང་ལྡན་པ་ཞིག་རེད།

    སྤྱིར་བཏང་གཏན་ནས་མིན་པའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་6.3%འཕར་ནས་ལོ་ལྔའི་རིང་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ཀྱི་སྐས་རིམ་ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་46503དང་སྒོར་16935ནས་སྒོར་58794དང་སྒོར་23184བར་སོ་སོར་འཕར་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇཌ་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པ་དང་འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་འགག་རྩ་ཡིན”ཞེས་ནན་བཤད་གནང་ཡོད། དེང་གི་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་དོན་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་འབད་འཐབ་དང་འབད་འབུངས་སྟོབས་བརྩོན་བྱས་པར་བརྟེན་པས་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱེད་རིང་། བོད་ཀྱི་འཕེལ་རྒྱས་དེ་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། “རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པར”དུས་ཚོད་ཀྱིས་མི་མི་སྒུག་ཅིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་གཏིང་ཟབ་བཅས་བྱས་ན། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ་ངེས་རེད།

    སྔོན་ཆད་ལྗོན་ཤིང་བཅད་ནས་བུད་ཤིང་བྱེད་པའི་གྲོང་ཚོ་དབུལ་པོ་ཉིང་ཁྲིའི་ཀ་ལ་གྲོང་ཚོས་ད་ཆ་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དང་། “ཁམ་བུའི་མེ་ཏོག་གྲོང་ཚོ”གཏོད་པ། འདེབས་འཛུཌ་གླིང་སྐྲུན་པ་བཅས་བྱས་པས། གྲོང་མིའི་འཚོ་བ་ཇེ་ཡག་ཏུ་ཕྱིན་ནས་2025ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཡོང་འབབ་ཁོ་ནར་སྒོར་ཁྲི་370ཟིན་ཡོད།

    ལྷོ་ཁའི་གཙང་བྱང་ཐོན་ལས་གླིང་གིས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་བཀོད་པའི་ནང་རང་འགུལ་ངང་ཞུགས་ཏེ“གྲངས་འཛིན་བོད་སྐྱོར”གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ་དང་། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་རྩིས་ལྟེ་གནས་དང་པོ“ཡར་ཀླུང་གཙང་པོ་ཨང་དང་པོའི”མི་ཐབས་རིག་ནུས་རྩིས་རྒྱག་ལྟེ་གནས་གཉེར་སྐྱོང་བྱེད་འགོ་བཙུགས་ཤིང། བོད་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁྱབ་པའི་ཁར་ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱར་ཡོད།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ངེས་གནས་འཕྱུགས་མེད་དང་ལེགས་ཆ་ཡང་དག་པར་འཚོལ་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་བཅས་མཐའ་འཁྱོངས་སྒོས་ཡུལ་བབ་དང་བསྟུན་པ་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་ཐུབ་པར་བྱ་རྒྱུ་དེ་རེད།

    “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་བོད་མི་དམངས་ཀྱི་བསམ་འདུན་འདིས་ལོ་རྒྱུས་ཀྱི་ལྡོག་མེད་གཏན་ཚིགས་མཚོན་ཡོད་ལ། དེང་གི་དུས་ལ་བློ་སྒོ་ཕྱེ་བ་དང་མ་འོངས་ལམ་བུར་ཁ་ཕྱོགས་བསྟན་ཡོད།

    བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུ་བ་གོ་སྐབས་སུ་བྱས་ཏེ་འཕོ་འགྱུར་རླབས་པོ་ཆེའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྔར་བས་བློ་བརྟན་འགྱུར་མེད་ངང་སྐྱོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བ་བཅས་བྱས་ཚེ། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།