ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛམ་གླིང་དོན་སྙིང་གི་འགག་རྩ་ནི“འབྱུང་ཁུངས”ལ་ཐུག་ཡོད།

འདི་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི“ལམ་གཉིས་འགག་སྒོ”སྟེ། ཧའེ་ནན་ཧའེ་ཁོའུ་ཤིན་ཧའེ་གྲུ་ཁར་འགྲུལ་སྐྱེལ་གྲུ་གཟིངས་གོ་རིམ་ལྡན་པའི་ངང་གྲུ་ཁ་ནས་ཐོན་བཞིན་པ།

འདི་ནི་ཅང་སུའུ་ཐའེ་ཚང་གྲོང་ཁྱེར་གྱི་ཕྱི་ཁོངས་མི་སྣའི་ཞབས་ཞུ་ལྟེ་གནས་སུ་འཇར་མན་ཁེ་ལས་ཀྱི་ལས་མི་ཞིག་གིས་ལས་སྒོ་གཉེར་བཞིན་པ།

འདི་ནི་2025ལོའི་པེ་ཅིང་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་རིང་ལྟ་སྐོར་བས་ཐུར་ཁེའི་འགྲེམས་ཁུལ་གྱི་དཀར་ཆས་ལ་རྒྱུས་ལོན་བྱེད་བཞིན་པ།

འདི་ནི་ཀན་སུའུ་མདོག་ལྡན་ལྕགས་བཙོ་སྦྱང་ལས་རིགས་ལག་རྩལ་སློབ་གླིང་གི་རིག་ནུས་བཟོ་སྐྲུན་གྱི་ཐོན་སློབ་མཉམ་འདྲེས་དངོས་སྦྱོང་རྟེན་གཞིར་དགེ་རྒན(གཡས་ཀྱི་གཉིས་པ)གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སློབ་མར་བཟོ་ལས་འཕྲུལ་མིའི་བྱ་རིམ་སྒྲིག་སྟངས་དང་བཀོལ་སྤྱོད་བྱེད་སྟངས་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི“ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད། ཐུན་མོང་གི་འདུན་པ་དང་འཕེལ་རྒྱས་ཀྱི་ལམ་བུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་གླེང་སྟེགས་པེ་ཅིང་དུ་འཚོག་བཞིན་པ།
ད་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་ཞིབ་བཤེར་དང་ཆོག་མཆན་སྤྲད་པས། འཛམ་གླིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མ་འོངས་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་མཐོང་ཐུབ་པར་བྱས་ཡོད། “ལོ་ལྔ་ཚན་དང་པོ”ནས“ལོ་ལྔ་ཚན་བཅོ་ལྔ་པའི”བར། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད(འཆར་གཞི)ཀྱིས་རྒྱུན་མཐུད་རང་བཞིན་དང་དོན་འཁྱོལ་ནུས་ལྡན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། འཛམ་གླིང་གིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ་དང་འཛམ་གླིང་དང་མཉམ་འདྲེས་གཏིང་ཟབ་བྱུང་བའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོར་རྒྱུན་མཐུད་ལེགས་སྐྱེས་ཕུལ་བར་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་རང་ངོས་འཕེལ་རྒྱས་ཕྱིན་པའི་འཛམ་གླིང་དོན་སྙིང་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་ཅིང་། དེའི་འགག་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི“འབྱུང་ཁུངས”ཀྱི་དེང་རབས་ཅན་ཞིག་ཡིན་པར་ཐུག་ཡོད།
“རང་ཚུགས་གཞན་སྐྱོར་དང་གནམ་འོག་ཀུན་ལ་ཕན་པ་སྐྲུན་པའི”འགན་འཁྲི་འཁུར་སེམས་དང་རིན་ཐང་གི་གདམ་ག་གང་ལེགས་མངོན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྙིང་པོ་བསྡུས་ནས་བཏོན་གནང་བ་དང་སྦྲགས་རྒྱས་བཤད་གཏིང་ཟབ་གནང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱར་རྒྱས་བཤད་གཏིང་ཟབ་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཉེ་རབས་ཚུན་གྱི་འཛམ་གླིང་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོས་འཕེལ་རྒྱས་གཏོང་སྟངས་ལ་རང་བརྟེན་གདམ་ག་བྱས་པ་ཞིག་རེད་ལ། འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྤྱིའི་བསམ་གཞིག་གི་སྒྲོམ་གཞིའི་ནང་ཆགས་ཤིང་། ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་ལ་དམིགས་པ་དང་དུས་མཚུངས་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལའང་བསམ་གཞིག་གང་ལེགས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས“རང་ཚུགས་གཞན་སྐྱོར་དང་གནམ་འོག་ཀུན་ལ་ཕན་པ་སྐྲུན་པའི”ཐེག་པ་འཁུར་ལེན་དང་རིན་ཐང་གི་གདམ་ག་གང་ལེགས་མངོན་ཡོད། དེ་ལྟར་ཡིན་པའི་དབང་གིས། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པའི་རྒྱབ་ལྗོངས་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་དོན་ཞིབ་པར་བརྗོད་པར་རྒྱལ་ཁབ་གཅིག་གི་ཁྱབ་ཁོངས་ལས་བརྒལ་བའི་གལ་ཆེའི་རང་བཞིན་དང་རྒྱང་རིང་གཏིང་ཟབ་ཀྱི་འཛམ་གླིང་གི་དོན་སྙིང་ལྡན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་བསལ་རང་བཞིན་ནི“ཀྲུང་གོའི་ལུགས”ཡིན་པ་དང་། “དེང་རབས་ཅན”ནི་ཡོངས་ཁྱབ་རང་བཞིན་ལ་དམིགས་པ་ཞིག་ཡིན་ཞིང་། ཀྲུང་གོའི་ལུགས་དང་དེང་རབས་ཅན་གྱི་གོ་དོན་གཉིས་གཅིག་གྱུར་དམ་ཟབ་ཡོང་དོན་ནི། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་དེ་ནི་ཚད་མཐོའི་སྒོ་དབྱེའི་རྣམ་པའི་འོག་སྤེལ་བ་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་དོན་ཞིབ་པར་བརྗོད་སྐབས“འབྱུང་ཁུངས”ཞེས་པའི་ཐ་སྙད་དེ་དྲངས་ཆོག་གི་ཡོད།
དངོས་པོ་དང་། ལམ་ལུགས། མིའི་དེང་རབས་ཅན་བཅས་དབར་འགུལ་རྣམ་མཐུན་སྦྱོར་ཐུབ་པར་ལྟ་རྟོག་བྱས་པ།
ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཁ་གསལ་བཏོན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་མཚོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། འཛམ་གླིང་ཐོག་གི་གང་མགྱོགས་འཕེལ་རྒྱས་གཏོང་འདོད་ཡོད་ལ་རང་ངོས་ཀྱི་རང་ཚུགས་རང་བཞིན་ཡང་རྒྱུན་འཁྱོངས་བྱེད་འདོད་ཡོད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ནས། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“འབྱུང་ཁུངས”དེ་གཞི་རྩའི་གནད་གསུམ་ལ་དམིགས་ནས་སྤེལ་བ་སྟེ། དང་པོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ“འབྱུང་ཁུངས”ཡོད་པ་དང་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་དང་ངོ་བོ་ཡིན། གཉིས་པ། ཀྲུང་གོས་སྒོ་དབྱེའི་སེམས་ཁམས་དང་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་དེང་རབས་ཅན་དང་ཕན་ཚུན་འགལ་ཟླར་གནས་པ་ཞིག་མ་ཡིན་པར་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་རྒྱས་གཏོང་བ་ཞིག་ཡིན། གསུམ་པ། རྒྱལ་ཁབ་གཞན་དག་གིས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱེད་སྐབས། རང་བརྟེན་རང་བཞིན་དང་། རང་ཚུགས་རང་བཞིན། དངོས་ཐོག་བདེན་འཚོལ་བཅས་གཙོ་བོར་འཛིན་པའི་ཉམས་མྱོང་ལ་སློབ་སྦྱོང་དེ་བས་མང་བ་བྱས་ནས། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་འགྲོ་ལམ་བཟོ་བཅོས་རྒྱག་གི་ཡོད།
ལམ་ལུགས་རྣམ་པའི་སྒོ་དབྱེ་གཏིང་ཟབ་ཏུ་དང་ཕྱོགས་རྐྱང་པའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་ནི་ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན།
སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་ཡིན། སྒོ་དབྱེ་ནི“འབྱུང་ཁུངས”ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། བཀག་སྡོམ་གྱི་རྣམ་པའི་འོག གཙོ་རྒྱུ་འཁོར་སྐྱོད་བྱེད་དཀའ་བས་འགྱུར་མེད་ཀྱི་འཁྱིལ་ཆུའི་རྫིང་བུ་ཞིག་དང་གཉིས་སུ་མེད། སྒོ་དབྱེའི་དབང་གིས་ཀྲུང་གོས་ཕྱི་ཕྱོགས་དང་བསྡུར་ན་རང་ངོས་ཀྱི་དགེ་མཚན་ཆེ་རིགས་བལྟོས་བཅས་ཀྱིས་འདོན་སྤེལ་ནུས་ལྡན་ཐུབ་ནས། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཐོན་པ་མ་ཟད། རྒྱལ་སྤྱིའི་མཉམ་ལས་བརྒྱུད་གཉིས་ཁེ་གཉིས་ཕན་ཡང་བྱུང་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་དང་སྐུལ་འདེད་བཏང་བ་ཞིག་རེད། ནང་ཁུལ་སྒྱུར་བཅོས་དང་ཕྱི་ཕྱོགས་སྒོ་དབྱེ་གཉིས་ཕན་ཚུན་མཐུན་རྐྱེན་དུ་འགྱུར་བ་དང་ཕན་ཚུན་ཤུགས་སྣོན་རྒྱག་གི་ཡོད་དེ། ནང་ཁུལ་སྒྱུར་བཅོས་མ་བྱས་ན་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཐབས་བྲལ། ཕྱི་ཕྱོགས་སྒོ་དབྱེ་མེད་ན་ནང་ཁུལ་སྒྱུར་བཅོས་ཀྱི་སྒུལ་ཤུགས་ཀྱང་ཡོང་དཀའ། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་ཟུང་འབྲེལ་བྱས་པས་གསར་གཏོད་ལ་སྐུལ་མ་ཐེབས་ཡོད། འདི་ལས“འབྱུང་ཁུངས”དེང་རབས་ཅན་གྱི་དཔེ་དབྱིབས་ཤིག་ཆགས་ཤིང་། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་བྱེད་པ། སྒོ་དབྱེར་བརྟེན་ནས་འཛམ་གླིང་དང་སྦྲེལ་མཐུད་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་གཏོད་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཁོ་འདོན་བྱས་པའི“འབྱུང་ཁུངས”དེས་རྒྱལ་ཁབ་དེ་བས་མང་བ་རང་བཙན་རང་བདག་ངང་འཕེལ་རྒྱས་འགྲོ་བར་བློ་སྒོ་འབྱེད་པ་དང་། རྒྱལ་ཁབ་མི་འདྲ་བས་བདག་མཛེས་བདག་གིས་ཤེས་བྱ་ཞིང་མཛེས་ཀུན་གཅིག་ཏུ་འདུས་ཐུབ་པས། མེ་ཏོག་མཉམ་བཞད་ཀྱི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“འབྱུང་ཁུངས”ཁྱད་ཆོས་ཀྱིས་རང་ངོས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་མ་ཟད། རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལའང་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད།
(རྩོམ་པ་པོ་ནི་ཤང་ཀང་རྒྱ་ཡིག་སློབ་ཆེན(ཧྲེན་ཀྲེན)སྤྱི་པའི་སྲིད་ཇུས་སློབ་གླིང་གི་ཡོན་ཀྲང་དང་ཆན་ཧའེ་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡིན)
འབྲེལ་ཡོད་གསར་འགྱུར།