དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • AIཡི་འཁོར་འབྲེལ་ཧྲིལ་པོའི་ཐུམ་འབུའི་ནད་འགོག་བཅོས་མ་ལག་མགྱོགས་མྱུར་སྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲེན་ཅིང་ཝུན།   |     སྤེལ་དུས།  2026-03-29

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པས་སྟབས་བདེའི་བརྟག་དཔྱད་ཡོ་ཆས་ཁྱེར་ནས་འབྲོག་ཁྱིམ་དུ་ཐུམ་འབུའི་ནད་གྲལ་བཤེར་བྱེད་པར་སྐྱོད་པ།

    འདི་ནི་2023ལོའི་ཟླ་8པར་ཡོན་ཧྲི་ཏུང་ཅ་ཧུང(གཡོན་གྱི་གསུམ་པ)གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་ནད་པ་ལྷ་བུར་མཆིན་པའི་ཐུམ་འབུའི་ནད་གཤཌ་བཅོས་བྱས་རྗེས་ནད་ཁང་དུ་ཞིབ་བཤེར་བྱེད་བཞིན་པ། (པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གིས་པར་མཁོ་འདོན་བྱས)

    ནད་པ་ལྷ་བུ་གཤགས་བཅོས་བྱས་རྗེས་ནད་གཞི་དྲག་སྐྱེད་བྱུང་ནས་རྩྭ་ཐང་དུ་ཅི་དགར་རོལ་བཞིན་པ།

    གངས་ལྗོངས་ས་མཐོར་གཙང་གསུམ་ཆུ་འགོས་ཡངས་པའི་འབྲོག་ར་སྐྱོང་བཞིན་ཡོད་མོད། འོན་ཀྱང་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་ཅིག་ཡོད་པ་སྟེ། ཐུམ་འབུའི་ནད་ཀྱིས་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན་སོགས་ཀྱི་ཞིང་འབྲོག་པའི་བདེ་ཐང་ལ་ཡུན་རིང་གནོད་བཞིན་ཡོད་ལ་དེ་ནི་སྔོན་ཆད་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་མང་ཚོགས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་ལོག་ཐེབས་པའི་འབྱུང་རྐྱེན་གཙོ་བོ་དེ་རེད། 2005ལོ་ནས་བཟུང་སྲིད་གཞུང་གི་གཙོ་ཁྲིད་འོག་སྨན་བཅོས་དང་། ཚན་ཞིབ། ཁེ་ལས། སྤྱི་ཕན་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་མཉམ་དུ་འགག་སྒྲོལ་བྱས་པས་མིག་སྔར་ཐུམ་འབུའི་ནད་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་ཡོད།

    ཉེ་ཆར་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་སོགས་སྡེ་ཚན་4ཡིས《ཐུམ་འབུའི་ནད་ཚོད་འཛིན་དང་མེད་པར་བཟོ་བའི་གདེང་འཇོག་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་འབྲེལ་ཐོག་བཟོས་ནས་ཐུམ་འབུའི་ནད་མཆེད་པའི་ཞིང་ཆེན་9ཡི་རྫོང་370ཡི་རིམ་དབྱེའི་གདེང་འཇོག་ལམ་སྲོལ་ཁ་གསལ་བཟོས་པ་དང་དུས་མཚམས་བཞིའི་ཁྲུན་གཅོད་ཚད་གཞི་དང་ཚད་ལྡན་བརྒྱུད་རིམ་གཏན་འཁེལ་བྱས་ནས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་ཚན་རིག་དང་མཐུན་པའི་གདེང་འཇོག་དང་སྐུལ་འདེད་གཏོང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ནད་པའི་མི་གྲངས་ཕྱེད་ཀ་ལྷག་ཙམ་ཉུང་དུ་ཕྱིན་པ།

    ཐུམ་འབུའི་ནད་ནི་སྲོག་ལ་ཐུག་པའི་ཉེན་ཁ་ཆེ་བའི་ནད་གཞི་ཞིག་ཡིན་སྟབས་དེ་སྔ་གངས་ལྗོངས་ས་མཐོའི་འབྲོག་པ་རྣམས་དཀའ་སྡུག་གི་གནས་སུ་གྱར་ཡོད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང་མགོ་ལོག་སོཌ་ས་ཁུལ་དུ་མི་ཚོགས་ལ་ནད་ཕོག་ཚད་8.93%ནས་12.83%བར་ཟིན་པ་དང་ཁྱིམ་ཚང་ལ་གཅིག་སྡུད་རང་བཞིན་གྱི་འགོ་ནད་ཡང་ཡང་ཐོན་གྱི་ཡོད། གལ་ཏེ་དུས་ཐོག་ཏུ་ཚད་ལྡན་གྱི་སྨན་བཅོས་མ་བྱས་ན། ནད་ཕོག་རྗེས་ཀྱི་ལོ་10ཡི་ནང་ཤི་ཚད་90%ལྷག་ཙམ་ཟིན་གྱི་ཡོད།

    ཉེ་ཆར“AIཡིས་ཐུམ་འབུའི་ནད་གཙང་སེལ་བྱ་སྤྱོད་ལ་མཐུན་རྐྱེན་སྦྱོར་བའི་3.0འཐབ་ཇུས་སྐུལ་འདེད་བགྲོ་གླེང་ཚོགས་འདུ”ཆིང་ཧྭ་སློབ་ཆེན་དུ་འཚོཌ་པ་རེད། ཚོགས་འདུའི་ཐོག ལོ་མང་མཉམ་དུ་འགག་སྒྲོལ་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་པའི་མི་གྲངས་2005ལོའི་མི་ཁྲི་5ལྷག་ཙམ་ནས་2024ལོའི་མི་23622བར་ཉུང་དུ་ཕྱིན་ཡོད།

    ལྗིད་ཏིག་ཏིག་གི་གྲུབ་འབྲས་རེའུ་མིག་གིས་ཚེ་སྲོག་གི་རིན་ཐང་མངོན་ཞིང་། གྲུབ་འབྲས་དེ་དག་ཐོན་དོན་ནི་རྒྱལ་ཁབ་ནས་ས་གནས་བར་རིམ་པ་རེ་རེ་བཞིན་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་ཚགས་དམ་དུ་བཏང་བས་རེད། སྨན་པས་གདོང་མཆོང་དང་། རིག་གཞུང་ལས་རིགས་ཀྱིས་འདེགས་སྐྱོར། སྤྱི་ཕན་གྱིས་རོགས་སྐྱོར། མང་ཚོགས་ཞུགས་པ་བཅས་ཀྱི་མཐུན་སྦྱོར་འགོག་བཅོས་བྱེད་སྟངས་ལ་བརྟེན་ནས་འགག་སྒྲོལ་དམག་འཐབ་ལ་རྒྱབ་རྟེན་བརྟན་པོ་བྱས་ཡོད།

    2005ལོ་ནས་ད་བར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ས་གནས་ཁག་ཏུ་མི་ཚོགས་ལ་གྲལ་བཤེར་སྨན་བཅོས་དང་འབྱུང་རྩར་དོ་དམ་ཚོད་འཛིན་སོགས་ཕྱོགས་བསྡུས་འགོག་བཅོས་ལ་རྒྱབ་སྐྱོར་བྱས་པས་ནད་ཡམས་དེའི་ནད་རྟགས་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་དང་ཚོད་འཛིན་ཐུབ་ཡོད།

    བྱམས་བརྩེ་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་ནད་བརྟག་སྨན་བཅོས་ཀྱི་དཀའ་གནད་བསལ་བ།

    གསོ་རིག་ལག་རྩལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེས་ཐུམ་འབུའི་ནད་ཀྱི་རྙོག་འཛིང་ཆེ་བའི་ནད་བརྟག་སྨན་བཅོས་ཀྱི་དཀའ་གནད་སེལ་བར་འདེགས་སྐྱོར་ཆེན་པོ་བྱས་ཡོད།

    “ཐུམ་འབུའི་ནད་ཀྱི་ཐོག་མའི་ནད་རྟགས་མངོན་གསལ་དོད་པོ་མེད་པས་ནད་པ་མང་ཆེ་བ་དུས་དཀྱིལ་དང་དུས་མཇུག་ཏུ་གཞི་ནས་ནད་རྟགས་ངོས་འཛིན་གཏན་འཁེལ་ཐུབ་ཀྱི་ཡོད་སྟབས། རྙོག་འཛིང་ཆེ་བའི་ནད་དཔེ་དེ་རིགས་དེ་སྔ་སྨན་བཅོས་བྱེད་ཐབས་བྲལ་བའི་ནད་ཅིག་ཏུ་གྱུར་ཡོད”

    ལོ་མང་རིང་རྒྱལ་ཡོངས་སྨན་བཅོས་ཚོགས་པས་དཀའ་གནད་དེར་དམིགས་ནས་ལག་རྩལ་གསར་གཏོད་མང་པོ་བྱས་ཏེ་སྨན་བཅོས་རྐྱང་པ་ནས་རིག་ཚན་མང་པོའི་མཐུན་སྦྱོར་བར་ལག་རྩལ་རབ་དང་རིམ་པ་ཚད་བརྒལ་བྱུང་བས“མི་སྲིད་པ”མང་པོ་ཞིག“སྲིད་པར”གྱུར་ཡོད། 2025ལོར་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཀྲང་ཏུང་ཅ་ཧུང་གི་ཚོགས་པས་དུས་མཇུག་གི་མཆིན་པའི་ཐུམ་འབུའི་ནད་གཞི་ནད་ལོག་བརྒྱབ་པའི་ནད་པ་ཞིག་ལ་གཤགས་བཅོས་བྱས་པའི“མཆིན་པ་གཅོད་འབྲེག་དང་དེ་བཞིན་རང་ལུས་ཀྱི་མཆིན་པ་སྔར་གནས་སུ་བསྐྱར་དུ་སྤོ་འཛུགས་བྱེད་པའི་གཤགས་བཅོས”གནས་ཚུལ་གོ་ལ་ཧྲིལ་པོར་ཐད་གཏོང་བྱས་ནས་ལྟ་མཁན་མི་ཐེངས་ཁྲི་500ཟིན་པའི་ཟིན་ཐོ་བཏོད་པ་རེད། དེ་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཕྱི་ནད་ཚན་ཁག་ཁྱབ་ཁོངས་སུ་སྔོན་ལ་ཚད་བརྒལ་བྱས་པའི་ལག་རྩལ་གཙོ་བོ་ཡིན་པ་དེ་ལས་ཀྲུང་གོའི་གནད་ལ་འཁེལ་བའི་ཕྱི་ནད་ཚན་ཁག་ལག་རྩལ་གྱི་ཁྱད་དུ་འཕགས་པའི་ཆུ་ཚད་མངོན་ཡོད་ཅེས་ཕྱི་རྒྱལ་གྱི་སྨན་པ་དཀའ་བཅུ་པས་གདེང་འཇོག་བྱས་པ་རེད།

    སྐྱོབ་བཅོས་ཀྱི་དཔེ་མཚོན་ཡག་པོ་རེ་རེ་ལས་སྨན་བཅོས་ལག་རྩལ་གྱི་དྲོ་སྐྱིད་ལ་བདེན་དཔང་བྱས་པ་སྟེ། ལོ་5ལ་སླེབས་པའི་ནད་པ་ལྷ་བུར་གཤགས་བཅོས་བྱས་ནས་རྩ་བཅོས་ཐུབ་པ་དང་། རྟ་མགྲིན་མཚོ་སྨན་ཁང་མང་པོས་སྐྱོབ་ཐབས་མེད་པར་ཐག་བཅད་རྗེས་སླར་ཡང་སྲོག་ཉེན་ལས་ཐར་བ། ཁྱིམ་ཚང་དབུལ་ཕོངས་ཀྱི་ནད་ཚབས་ལྕི་བའི་ནད་པ་བློ་བསྟན་ལ་སྤྱི་ཕན་གྱི་རམ་འདེགས་འོག་ནད་ཀྱི་སྡུག་བསྔལ་ལས་གྲོལ་བ་སོགས་ཀྱི་གཏམ་རྒྱུད་དེ་དག་ས་མཐོའི་ཡུལ་ནད་འགོག་བཅོས་ཀྱི་དཔེ་མཚོན་དུ་གྱུར་ཡོད།

    ནད་བརྟག་སྨན་བཅོས་ལག་རྩལ་ཚད་བརྒལ་དང་གསར་གཏོད་བྱུང་བ་དང་ཆབས་ཅིག་ནུབ་རྒྱུད་ས་མཐོའི་ས་ཁུལ་གྱི་གཞི་རིམ་གྱི་སྨན་བཅོས་ནུས་པ་ཆེ་རུ་གཏོང་བའང་དེ་བཞིན་དུ་འགག་རྩ་ཡིན། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་དང་རྒྱང་རིང་གི་མཛུབ་ཁྲིད་སོགས་ལ་བརྟེན་ནས“གཞི་རིམ་དུ་འགྲོ་ཐུབ་པ་དང་། གནས་ཐུབ་པ། སྤྱོད་ཐུབ་པའི”རང་སའི་སྨན་བཅོས་ཤེས་ལྡན་པ་ཁག་གཅིག་མགྱོགས་མྱུར་འཚར་ལོངས་བྱུང་ཡོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཚེ་བརྟན་གྱིས། ད་ཆ་སྨན་ཁང་གིས་རང་རྐྱ་འཕེར་བའི་ངང་རྒྱུན་གཏན་གྱི་ཐུམ་འབུའི་ནད་གཤགས་བཅོས་བྱེད་ཐུབ་པས། མ་འོངས་པར་ལག་རྩལ་གསོ་སྦྱོང་དང་། སྒྲིག་ཆས་ཀྱི་རྒྱབ་སྐྱོར། སྨན་ཁང་སྒྱུར་བདེ་བ་བཅས་ལྷག་པར་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

    རིག་ལྡན་གཙང་འཇོམས་ཀྱི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་པ།

    མིག་སྔར་AIལག་རྩལ་དེ་ཐུམ་འབུའི་ནད་འགོས་ཁུངས་རྗེས་འདེད་དང་། ལྟ་ཞིབ་ཚད་ལེན་ཉེན་ཟོན། སྒྲ་འདས་བརྙན་བརྟག་པར་གྱི་བརྟག་དཔྱད་སོགས་ཀྱི་ལྷུ་ཚིགས་སུ་བེད་སྤྱོད་བྱས་པ་དེས་འགོག་བཅོས་ལས་དོན་དེ་གཞན་དབང་གི་ཁ་གཏད་གཅོག་པ་ནས་རང་འགུལ་གྱི་སྔོན་འགོག་དང་། ཉམས་མྱོང་གི་སྐུལ་འདེད་ནས་རིག་ནུས་ཀྱི་ཇུས་ཐག་གཅོད་པའི་བར་གྱི་འཐབ་ཇུས་ཕྱོགས་སྒྱུར་ལ་ནུས་པ་གསར་རྐྱང་མཁོ་འདོན་བྱས་ཡོད།

    སྔ་དུས་ཀྱི་དབྱེ་བཤེར་དང་ནད་བརྟག་གཏན་འཁེལ་ནི་AIཡིས་མཐུན་རྐྱེན་སྦྱོར་བའི་གཙོ་གནད་ཁྱབ་ཁོངས་ཤིག་རེད། 2024ལོ་དང་2025ལོའི་བར“རྟ་ཐོག་གི་སྒྲ་འདས”རྣམ་གྲངས་ཉིད་མཚོ་སྔོན་དང་བོད་ལྗོངས་སོགས་སུ་ཁྱབ་གདལ་བཏང་ཡོད། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་འཁྱེར་བདེའི་ངོས་ལེབAIཚད་བརྒལ་སྒྲ་རླབས་སྒྲིག་ཆས་ཀྱིས་རྨང་གཞི་མེད་པའི་གྲོང་ཚོའི་སྨན་པར་ཉིན་གསུམ་རིང་གསོ་སྦྱོང་བྱས་པ་བརྒྱུད། འབྲོག་པར་སྟབས་བདེ་ལ་བདེ་འཇགས་ཀྱི་ཐུམ་འབུའི་ནད་གྲལ་བཤེར་ཐུབ་ནས་ཐུམ་དབྱིབས་དང་ལྦུ་དབྱིབས་ཀྱི་ཐུམ་འབུའི་ནད་ལ་བརྟག་དཔྱད་ཡང་དག་བྱེད་ཚད་90%ལྷག་ཟིན་པ་མ་ཟད། རྙོག་འཛིང་ཆེ་བའི་ནད་དཔེར་རྒྱང་ཁྲིད་མཉམ་འདུས་ནད་དཔྱད་བྱས་པ་བརྒྱུད་ནད་བརྟག་འབྲས་བུ་མགྱོགས་མྱུར་སླེབས་ཐུབ་ཀྱི་ཡོད།

    “ང་ཚོས་ད་དུང་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་གྲངས་འཛིན་ཁག་བགོས་བཏོད་དེ་ལག་ཐོགས་ཁ་པར་དང་AIརིག་ནུས་སྒྲ་སྒམ་བརྒྱུད། ཆུ་ཚོད་24ཡི་རིང་འབྲོག་པར་བདེ་ཐང་དྲིལ་བསྒྲགས་དང་སློབ་གསོ་གཏོང་བ་དང་། བཟའ་བཅའ་བཙོས་མའི‘ཀུན་གསལ་ཐབ་ཚང’གི་འབྱུང་ཁུངས་དོ་དམ་ཚོད་འཛིན་དང‘རྟ་ཐོག་གི་སྒྲ་འདས’AIདབྱེ་བཤེར་ལག་རྩལ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་AIཐུམ་འབུའི་ནད་མེད་པའི་གྲོང་ཚོའི་ཚོད་ལྟ་དང་པོ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ས་མཐོའི་མེ་ཏོག་ཐུམ་འབུའི་ནད་སྤྱི་ཕན་ཐེབས་རྩའི་དྲུང་ཆེ་ཝང་ཅན་ཕིང་གིས་བརྗོད།

    ཕྱོགས་མང་པོ་དང་མཉམ་ལས་ཀྱི་འབད་བརྩོན་ལ་བརྟེན་ནས་གངས་ལྗོངས་ས་མཐོར“ཐུམ་འབུའི་ནད”ཀྱི་དྲི་མ་ཙམ་ཡང་མེད་པ་དང་བདེ་ཐང་གི་དག་ཞིང་ལ་བསྐྱར་དུ་ལོག་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཛེས་ཤིང་ཉམས་དགའ་བའི་ནུབ་རྒྱུད་ཀྱི་ལེའུ་ཞིག་རྩོམ་ཐུབ་པའི་ཡིད་ཆེས་ཡོད།

    (མི་དམངས་ཉིན་རེའི་ཚགས་པར་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།