དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྣམ་གྲངས་ལག་ལེན་བསྟར་ནས་རྒན་གསོའི་ཞབས་ཞུ་ལེགས་སུ་བཏང་བ།

    ——“ལོ་ལྔ་ཚན་བཅུ་བཞི་པའི”རིང་མངའ་རིས་ས་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-29

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱིས་གཞི་རྩའི་རྒན་གསོའི་ཞབས་ཞུ་དེ་དམངས་འཚོ་འགན་ལེན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། སྒྲིག་བཀོད་ཀྱི་ཁྱབ་རྒྱ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བར་དང་ཐ་སྐྱོང་འགན་ལེན་ནས་གནད་སྨིན་གཅེས་སྐྱོང་བྱེད་པའི་བར་རྒན་གསོའི་ཞབས་ཞུའི་འགན་ལེན་དྲ་བ་རིམ་བཞིན་ཚགས་དམ་དུ་བཏང་ནས་རྒན་རྒོན་ཚོ་ཚེ་མཇུག་བདེ་ལ་འཁོད་ཐུབ་པ་དང་རྒན་རྒོན་རྣམས་མངའ་རིས་ས་མཐོའི་སྟེང་མི་སེམས་འགུལ་ཤོས་ཀྱི་མཛེས་ལྗོངས་ཤིག་ཏུ་འགྱུར་བར་བྱས་པ་རེད།

    མངའ་རིས་ས་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་བྱེད་ནུས་ཆ་ཚང་བ་དང་བཀོད་པ་ལུགས་མཐུན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་ཞིང་། དེ་གར་ལོ་ན་མཐོ་བ་དང་། རྒན་རྒོན་མི་ཧྲེང་། དམིགས་བསལ་དཀའ་ངལ་ཡོད་པ། དབང་པོ་སྐྱོན་ཅན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། གཟིགས་སྐྱོང་། ཚང་སྟོང་། གཞིས་སྲུང་རྒན་རྒོན་སོགས་ཀྱི་ཚོགས་སྤྱི་ཚང་མར་རང་ཉིད་ལ་འཚམ་པའི་བྱེད་སྒོ་ཞིག་རྙེད་ཡོད། ལྟེ་གནས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཞབས་བྲོ་དང་ལག་ཤེས་བཟོ་ལས་སོགས་མོས་ཕྱོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ་དུས་བཀག་ལྟར་ཡིག་གཟུགས་དང་རི་མོ་འབྲི་བ་དང་། བདེ་ཐང་འོས་འགན་སྨན་བཅོས། ཤེས་བྱའི་འཆད་ཁྲིད་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་གྱི་ཡོད། འགུལ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་དམིགས་ནས་ད་དུང་ལྟོ་ཆས་དང་སྨན་རྫས་སྐྱེལ་བ་དང་། སྐྲ་བཞར་བ་དང་འཕུར་མཉེད་གཏོང་བ། གཙང་སྦྲ་བྱེད་པ་སོགས་སྒོ་ཁར་ཞབས་འདེགས་ཞུས་ནས་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་ཡོད།

    བགྲེས་སོང་དཔལ་ལྡན་རྡོ་རྗེ་ནི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འཆར་ཅན་གྱི་མགྲོན་པོ་ཞིག་ཡིན་པ་དང་ཁོང་གི་བུ་ནི་སེང་གེ་ཁ་འབབ་གྲོང་རྡལ་ནས་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པའི་རྩྭ་མདའ་རྫོང་དུ་གླ་པ་རྒྱུག་གི་ཡོད་སྟབས་ཁྱིམ་དུ་ཁོང་དང་ལོ་ན་མཐོ་བའི་ཨ་མ་དང་བཟའ་ཟླ་བཅས་ཁོང་གསུམ་ལས་མེད།

    ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་སྟབས་བདེ་བསྐྲུན་པའི་སྐོར་གླེང་སྐབས། བགྲེས་སོང་གིས“ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་དྲིན་ལས་ང་ཚོར་དེ་གར་ཉིན་གཅིག་གི་ལྟོ་ཐེངས་གསུམ་ཟ་རྒྱུ་ཡོད་པའི་ཁར་རྒན་རྒོན་གྲོགས་པོ་ཚོ་དང་མཉམ་དུ་ཁ་བརྡར་གློད་རྒྱུ་ཡོད་ཅིང་། གཟུགས་པོ་བདེ་པོ་མེད་དུས་ད་དུང་ལས་དོན་པས་སྨན་བཅོས་བྱེད་རོགས་དང་སྨན་སྐྱེལ་རོགས་བྱེད་ཀྱི་འདུག་པས་དངོས་གནས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    མངའ་རིས་ས་ཁུལ་དམངས་སྲིད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒན་གསོའི་ཞབས་ཞུའི་མཁྲེགས་ཆས་ལ་དེ་བས་འདེགས་སྐྱོར་དང་འགན་ལེན་དེ་བས་ཤུགས་ཆེན་ཡོང་ཆེད་མངའ་རིས་ས་ཁུལ་གྱིས་ཀྲུང་དབྱང་གི་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་དངུལ་རྩའི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་རྒན་གསོའི་ཞབས་ཞུའི་རྣམ་གྲངས་ཁག་38ལག་ལེན་བསྟར་བ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1.26ལྷག་ཙམ་ཟིན་ཡོད། གྲོང་གསེབ་ཀྱི་བདེ་སྐྱིད་གླིང་འཛུགས་སྐྲུན་བྱེད་པ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ལྟེ་གནས་ཀྱི་ནུས་པ་རིམ་སྤོར་བྱེད་པའི་བར་དང་། རྒན་རྒོན་གྱི་ཉལ་ཁྲི་རིམ་སྤོར་བྱེད་པ་ནས་ཁྱིམ་སྡོད་རྒན་འཕྲོད་ཅན་སྒྱུར་བཀོད་བྱེད་པའི་བར་རྒན་ཕན་རྣམ་གྲངས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་དངོས་ཐོན་ཡོད། མིག་སྔར་རྣམ་གྲངས་ཁག་37བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་སྤུ་ཧྲེང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་ལྟེ་གནས་ཀྱི་ནུས་པ་རིམ་སྤོར་རྣམ་གྲངས་ལ་འཆར་གཞི་ལྟར་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྒུལ་ཤུགས་རྒྱུན་མཐུད་བརྣན་ཡོད་པ་རེད།

    མཁྲེགས་ཆས་ཀྱི་སྤུས་ཚད་དང་ཚད་གཞི་མཐོ་རུ་གཏོང་བ་དང་དུས་མཚུངས་ཞབས་ཞུའི་དཔུང་ཁག་ཀྱང་མཉམ་དུ་སྟོབས་ཆེར་གཏོང་བཞིན་ཡོད། མིག་སྔར་མངའ་རིས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ལྟེ་གནས་བདུན་ལ་ལས་དོན་པ་106བཀོད་སྒྲིག་བྱས་པ་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་དུ་ལས་ཞུགས་མི་སྣ་སོ་སོར་32དང་40ཡོད་པ་དེ་དག་གིས་འཐབ་ས་དང་པོར་གཞི་ཚུགས་ཤིང་། ཁོང་ཚོས་ངང་རྒྱུད་རིང་བ་དང་། ཞིབ་ཚགས་པ། གཅེས་སེམས་བཅས་ལ་བརྟེན་ནས་རྒན་རྒོན་གྱི་འཚོ་བར་རོགས་རམ་དང་བདེ་ཐང་ལ་སེམས་ཁུར་བྱེད་བཞིན་ཡོད།

    ཐ་སྐྱོང་འགན་ལེན་ནས་གནད་སྨིན་ཞབས་ཞུའི་བར་དང་སྒྲིག་བཀོད་འཐུས་སྒོ་ཚང་བ་ནས་སྤུས་ཚད་མཐོར་གཏོང་བར“ལོ་ལྔ་ཚན་བཅུ་བཞི་པའི”རིང་མངའ་རིས་ས་ཁུལ་གྱི་རྒན་གསོའི་བྱ་གཞག་གིས་གོམ་སྟབས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཞིང་། དམངས་འཚོའི་དོན་དངོས་རེ་རེ་དང་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ལས་མངའ་རིས་ས་ཁུལ་གྱི“ན་རྒས་ལ་འཚོ་རྟེན་ཡོད་པ་དང་། ན་རྒས་ལ་རྟེན་ས་ཡོད་པ། ན་རྒས་ལ་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ། ན་རྒས་ཀྱི་སེམས་པ་ལྷོད་པ”བཅས་ཀྱི་བདེ་སྐྱིད་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།