དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཡག་པོར་ནང་ས་དང་ཤང་ཀང་གི་ཁས་ལེན་ཐོབ་ནས་རྒྱལ་སྤྱིའི་ཁྲོམ་རར་བདེ་བླག་ངང་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་24ཉིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་ཐོན་རྫས་སྤུས་ཚད་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ཁང་ཤང་ཀང་STCམཚོ་སྔོན་ཚོད་ལྟ་ཁང་དུ་སྐྱོད་སྐབས། ཚགས་ཤ་དང་ཉ་ཧུང་ཙུན་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་བཞིན་ཡོད་པ་དང་། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཡག་པོ་ཁག་གཅིག་ལ་རང་རྒྱལ་གྱི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་རྒྱལ་སྤྱིའི་ཁྲོམ་རར་དབོར་ཆོག་པའི“ལམ་ཡིག”རག་ཡོད་པ་རེད།

    2025ལོའི་ཟླ་6པར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་དང་ཤང་ཀང་ཚད་གཞི་དང་དེ་བཞིན་ཞིབ་དཔྱད་གཏན་འཁེལ་ལྟེ་གནས(STC)ཀྱིས་ཐུན་མོང་ཐོག་བསྐྲུན་པའི་ཤང་ཀང་STCམཚོ་སྔོན་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་འཁོར་སྐྱོད་བྱས་པ་དེ་ཐོག་ནས་མཚོ་སྔོན་དང་ཤང་ཀང་ས་ཁུལ་གཉིས་ཀྱིས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་དང་། ཚད་གཞི་མཐུན་སྦྱོར། སྤུས་ཚད་ཁས་ལེན་བཅས་ཁྱབ་ཁོངས་སུ་ཚད་བརྒལ་བྱུང་བ་མཚོན་ཡོད། ཤང་ཀང་STCདེ་རྒྱལ་སྤྱིའི་ཐོག་ཁས་ལེན་བྱེད་པའི་ཕྱོགས་གསུམ་པའི་དབང་གྲགས་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས་དེའི་བདེན་དཔང་ར་སྤྲོད་ཐོབ་ཐང་ལ་རྒྱལ་སྤྱིའི་ཐོག་ཡིད་ཆེས་རྒྱ་ཁྱབ་ཐོབ་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་འཛམ་གླིང་ལ་གཏོང་བར་སྦྲེལ་ཟམ་བསྐྲུན་ཡོད།

    དེ་གོང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱིས་ཕྱིར་གཏོང་ཐོན་རྫས་ཕྱི་རྒྱལ་དུ་ཞིབ་དཔྱད་ཚད་ལེན་བྱེད་པར་སྐྱེལ་དགོས་སྟབས་དུས་ཡུན་རིང་ལ་མ་གནས་མཐོ་པོ་ཡོད། ཚོད་ལྟ་ཁང་བཙུགས་རྗེས། རྒྱལ་སྤྱིའི་སྔོན་ཐོན་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་དང་ཁས་ལེན་ཐོན་ཁུངས་ཞིང་ཆེན་ནང་ཁུལ་དུ་ཐད་ཀར་ནང་འདྲེན་བྱས་པས་མིག་སྔར་ཚགས་ཤ་དང་ཉ་ཧུང་ཙུན་རིགས་ཆེན་པོ་གཉིས་ཀྱི་ཞིབ་དཔྱད་ཚད་ལེན་དཔྱད་གྲངས་ཁག་39ནང་ས་དང་ཤང་ཀང་གི་གྲངས་གཞི་ཕན་ཚུན་ཁས་ལེན་ཐུབ་ནས་ཞིབ་དཔྱད་ཚད་ལེན་གྱི་དུས་འཁོར་ཇེ་ཐུང་དུ་སོང་བ་དང་། ཁས་ལེན་གྱི་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ། འགག་སྒོ་སྒྲོལ་བའི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་པའི་རོགས་སྐྱོར་སྲིད་ཇུས་དུས་གཅིག་ཏུ་བཏོན་ནས། ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་རྟེན་གཞི་འཛུགས་སྐྲུན་དང་དེ་བཞིན་འབྲེལ་ཡོད་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལ་ཁ་གསབ་སྤྲད་དེ། ཁེ་ལས་ཀྱིས་ཁྲོམ་ར་རྒྱ་བསྐྱེད་པ་དང་ཕྱི་རྒྱལ་གྱི་ཁྲོམ་རར་འདོན་པའི་གསོན་ཤུགས་མུ་མཐུད་འཕེལ་བར་བྱས་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་62ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཁ་80ལ་ཤང་ཀང་STCཡི་ཁས་ལེན་ཐོབ་པ་དང་། ཚགས་ཤ་དང་། ལུག་ཤ། འདྲེ་ཚེར་མ། སྦྲང་རྩི་སོགས་སྤུས་ལེགས་ཞིང་འབྲོག་ཐོན་རྫས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲོམ་རར་གྲུབ་འབྲས་ཐོབ་པའི་ངང་སྟོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།