པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་སྐུ་མགྲོན་གྱིས་ཨེ་ཤེ་ཡའི་དཔལ་འབྱོར་གྱི་འཛམ་གླིང་རང་བཞིན་གྱི་ལེགས་སྐྱེས་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
—— ཨེ་ཤེ་ཡའི་ཁུལ་ཁོངས་མཉམ་ལས་ལ་དོན་སྙིང་གལ་ཆེན་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ།
ཟླ་3ཚེས་24ཉིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་སྙན་ཞུ་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུ་ཧའེ་ནན་པོ་ཨའོ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི《ཨེ་ཤེ་ཡའི་དཔལ་འབྱོར་གྱི་མདུན་ལམ་དང་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་2026ལོའི་ལོ་འཁོར་གྱི་སྙན་ཞུ》དང《རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཨེ་ཤེ་ཡ་དང་འཛམ་གླིང་གི་2026ལོའི་ལོ་འཁོར་གྱི་སྙན་ཞུ》ལས་མངོན་པར། ཨེ་ཤེ་ཡའི་དཔལ་འབྱོར་ལ་གཏིང་ཤུགས་ཆེ་བ་དང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་མངོན་ནས་འཛམ་གླིང་གི་དཔལ་འབྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་ཨེ་ཤེ་ཡའི་ཁུལ་ཁོངས་མཉམ་ལས་ལ་དོན་སྙིང་གལ་ཆེན་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། ཕྱོགས་ཁག་གིས་མཉམ་ལས་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་བཅག་ཐོག་ཡོ་ལང་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས་པའི་ངོས་འཛིན་བྱས་པ་རེད།
ཨེ་ཤེ་ཡའི་དཔལ་འབྱོར་ལ་གཏིང་ཤུགས་ཆེན་པོ་ལྡན་པ་མངོན་པ།
《རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཨེ་ཤེ་ཡ་དང་འཛམ་གླིང་གི་2026ལོའི་ལོ་འཁོར་གྱི་སྙན་ཞུའི》ནང་བསྟན་དོན། ཨེ་ཤེ་ཡས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཐད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་བ་དང་འགག་རྩའི་ནུས་པ་འདོན་བཞིན་ཡོད། ཁུལ་ཁོངས་ནང་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་གོ་ལ་ཧྲིལ་པོར་ཨེ་ཤེ་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་སྤྱི་ཡོངས་ཀྱི་འཕེལ་རིམ་གྱི་ཆུ་ཚད་ཅུང་ལེགས་པོ་ཡོད་པ་དང་། དམིགས་ཚད་ཁག་17ཁྲོད་ཀྱི་རྣམ་གྲངས་10ཡི་འཕེལ་རིམ་ཁུལ་ཁོངས་གཞན་དག་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས་ཨེ་ཤེ་ཡའི་དཔལ་འབྱོར་ལ་གཏིང་ཤུགས་ཆེན་པོ་ལྡན་པ་མངོན་ཡོད། ཧིན་རྡུ་ཉི་ཞི་ཡའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་གཡོད་སེ་ཡིས། སྔོན་དཔག་བྱས་ན་ད་ལོ་ཨེ་ཤེ་ཡའི་དཔལ་འབྱོར་དངོས་ཚན་གྱི་རྒྱལ་ནང་གི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་གྱི་བསྡུར་གྲངས་བཟུང་ཚད་49.7%བར་འཕར་རྒྱུ་ཡིན་ཞིང་། “ཨེ་ཤེ་ཡ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་དགོས་མཁོ་དང་ཚོང་ཟོག་མཁོ་འདོན་བྱ་ཡུལ་གཙོ་བོ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད”ཅེས་བརྗོད་པ་རེད། རྒྱལ་སྤྱིའི་ཚོང་ཚོགས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོར་ཀེ·པིང་མན་གྱིས། གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་གྱི་གདེང་ཚོད་བསྐྱར་དུ་འཕེལ་བར་བྱ་རྒྱུ་དེ་ནི་གོ་སྐབས་ངོ་མ་ཡིན་པ་དང་། གཏན་འཁེལ་མེད་པའི་དུས་རབས་འདིར་སྒོ་དབྱེ་ནི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ང་ཚོས་འབྲེལ་ཟམ་གསར་པ་བསྐྲུན་ནས་ས་ཁུལ་དང་མི་ཚོགས་མི་འདྲ་བར་འབྲེལ་མཐུད་བྱེད་དགོས”ཞེས་བཤད་པ་རེད།
ཚན་རྩལ་གསར་གཏོད་ཀྱིས་མཉམ་ལས་ཀྱི་གོ་སྐབས་མང་དུ་འགྲོ་བ།
《ཨེ་ཤེ་ཡའི་དཔལ་འབྱོར་གྱི་མདུན་ལམ་དང་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་2026ལོའི་ལོ་འཁོར་གྱི་སྙན་ཞུ》ལས་མངོན་པར། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གཙོ་གནད་ཨེ་ཤེ་ཡར་ཕྱོགས་པ་དང་ཆབས་ཅིག ཨེ་ཤེ་ཡའི་དཔལ་འབྱོར་དངོས་ཚན་གྱིས་འབོར་ཆེ་བའི་གྲངས་འཛིན་མི་འབོར་དང་། བེད་སྤྱོད་བྱ་ཡུལ་ཕུན་སུམ་ཚོགས་པ། བརྒྱུད་རིམ་ལྡན་པའི་སྲིད་ཇུས་ཀྱི་སྐུལ་འདེད་བཅས་ལ་བརྟེན་ནས་མི་ཐབས་རིག་ནུས་ཀྱི་རྗེས་འབྲངས་པ་ནས་སྣེ་འཁྲིད་པར་བསྒྱུར་ཏེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་གསར་གཏོད་ཀྱི་སྒྲིག་ལམ་བསྐྱར་དུ་འཛུགས་བཞིན་ཡོད།
ཨེ་ཤེ་ཡའི“རིག་ནུས་དར་རྒྱས”གཏོང་བའི་སྒུལ་ཤུགས་ཆེན་པོ་གང་དུ་ཡོད་དམ། “‘ལོ་ལྔ་ཚན་བཅོ་ལྔ་པའི’”འཆར་འགོད་རྩ་གནད་ནས་བལྟས་ན། ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་ཐད་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཡོད” ཏེ་ཆིན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་རོགས་ཟླ་ཁྲེན་ལན་གྱིས། ཀྲུང་གོའི་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཤེས་ལྡན་པ་གསོ་སྐྱོང་། ཐོན་ལས་རོགས་སྐྱོར། བཅོས་སྐྱོང་མ་ལག་སོགས་ཐད་བརྒྱུད་རིམ་ལྡན་པའི་བཀོད་པ་ཆགས་ཡོད་པས། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་ཤེས་ལྡན་པ་གསོ་སྐྱོང་དང་སྤེལ་རེས་ཀྱི་ཁོར་ཡུག་སྐྲུན་པ་དང་རྒྱལ་སྒྲོལ་ལག་རྩལ་མཉམ་ལས་ཀྱི་ལས་སྟེགས་བཏོད་དེ་ཡུན་རིང་དང་ནུས་ལྡན་གྱི་འཕེལ་རྒྱས་ལེགས་ཆ་ཞིག་ཆགས་པར་བྱེད་དགོས་ཞེས་བརྗོད་པ་རེད།
“འདི་ནི་ང་ཧའེ་ནན་དུ་ཡོང་ཐེངས་གསུམ་པ་ཡིན་ལ་ཕྱོགས་གང་སར་གསར་གཏོད་ཀྱིས་ཁེངས་ཡོད་པའི་ཚོར་སྣང་ཞིག་བྱུང” མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་བ་དང་དེའི་ཕན་འབྲས་གོ་ལ་ཧྲིལ་པོར་ཁྱབ་ཡོད་ཅེས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཟུར་པ་དང་མེ་ལི་ཅན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལུའོ་པོ་ཐེ·ཁུའུ་ཕུའུ་མན་གྱིས་བརྗོད་པ་རེད།
ཕ་ཁི་སི་ཐན་གྱི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཟུར་པ་ཁ་ཁར་གྱིས། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་མཉམ་ལས་གཏིང་ཟབ་བྱེད་དགོས། “ཀྲུང་གོས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་བཟུང་ནས་རྒྱལ་ཁབ་ཁག་གི་རོགས་ཟླ་དང་མཉམ་དུ་མདུན་སྐྱོད་བྱས་ཏེ་མཉམ་ལས་གཉིས་ཕན་ཡོང་བར་བྱས་པས་ཕ་ཁི་སི་ཐན་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཀྱི་ཡོད”ཅེས་བརྗོད་པ་རེད།
གཞི་གཅིག་ཅན་གྱི་སྐུལ་སྤེལ་ལས་གདེང་ཚོད་ཆེ་རུ་སོང་བ།
གླེང་སྟེགས་བཙུགས་ནས་ལོ་25སོང་རིང་། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཨེ་ཤེ་ཡའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་གལ་ཆེན་ལ་བདེན་དཔང་བྱས་ཡོད། 《ཁུལ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》འགོ་བཙུགས་པ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0རིམ་སྤོར་གྲོས་ཆོད་ཡི་གེར་དངོས་སུ་མིང་རྟགས་བཀོད་པའི་བར་དང་། འཁོར་རིགས་ཤར་གཏོང་ཐུབ་པའི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་ཅ་དབན་མྱུར་བགྲོད་ལྕགས་ལམ་དང་དེ་ནས་འཛུགས་སྐྲུན་བྱེད་བཞིན་པའི་མ་ལེ་ཞི་ཡའི་ཤར་ཕྱོགས་མཚོ་འགྲམ་གྱི་ལྕགས་ལམ་བཅས་བར་དུ། ཨེ་ཤེ་ཡའི་ཁུལ་ཁོངས་ཀྱི་མཉམ་ལས་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད།
དུས་བབ་གསར་པའི་འོག་ཁུལ་ཁོངས་མཉམ་ལས་དེ་བས་གལ་འགངས་ཆེ་བ་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ད་ཐེངས་ཀྱི་ལོ་ཚོགས་སུ་ཇི་ལྟར་བྱས་ནས་ཁུལ་ཁོངས་གཞི་གཅིག་ཅན་གྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འགག་རྩའི་ཁྱབ་ཁོངས་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒོ་དབྱེ་དང་། བརྟན་ལྷིང་། བསྟུན་མཁས་བཅས་ཀྱི་ཁུལ་ཁོངས་དཔལ་འབྱོར་གྱི་བཀོད་པ་འཛུགས་སྐྱོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་རེད།
པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་དྲུང་ཆེ་ཀྲང་ཅུན་གྱིས། གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡར་གཞི་ཚུགས་པ་དང་འཛམ་གླིང་གི་བློ་རྒྱར་བརྟེན་ནས་ཨེ་ཤེ་ཡའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དབར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། བསམ་ཤེས་དང་ཡིད་ཆེས་ཆེར་གཏོང་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་ཀྱི་ཡོད། ཨེ་ཤེ་ཡའི་དཔལ་འབྱོར་གཞི་གཅིག་ཅན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་དཀའ་ངལ་དང་འགྲན་སློང་ཡང་འཕྲད་ངེས་ཡིན་པས། ཕྱོགས་ཁག་གིས་ཡིད་ཆེས་བརྟན་པོ་དང་། མཐུན་སྒྲིལ་མཉམ་ལས། ཞུམ་མེད་མདུན་སྐྱོད་བཅས་བྱས་ན། ཨེ་ཤེ་ཡའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྔར་བས་སྐུལ་འདེད་གཏོང་ཐུབ་པ་དང་། “ཨེ་ཤེ་ཡའི་དུས་རབས”ལ་འདེགས་སྐྱོར་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།