དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡར་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཡོད་དགོས”

    —— པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་དྲུང་ཆེའི་སྲིད་ཇུས་བློ་འདྲི་བ་ཀྲ་ཧྥར་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲའོ་དབྱི་ཕུའུ།   |     སྤེལ་དུས།  2026-03-28

    “ལོ་25ཡི་རིང་འཕེལ་རྒྱས་བཏང་བ་བརྒྱུད་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དེ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཨེ་ཤེ་ཡ་དང་གསར་དར་དཔལ་འབྱོར་དངོས་ཚན་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་གྲས་ཤིག་ཏུ་གྱུར་ཡོད”ཅེས་ཉེ་ཆར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་དྲུང་ཆེའི་སྲིད་ཇུས་བློ་འདྲི་བ་ཀྲ་ཧྥར·ཨུ་ཏིང·མ་ཧ་མའོ་ཏེས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད། ཁོང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་འཚོགས་པ་ལས་ཞི་བདེའི་སྐད་ཆ་ཤོད་རེས་དང་རྒྱ་ཁྱབ་མཉམ་ལས་ཀྱི་དོན་སྙིང་གལ་ཆེན་མངོན་ཡོད། མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོ་འཕེལ་རྒྱས་བརྟན་པོ་ཕྱིན་པ་དེས་ཨེ་ཤེ་ཡ་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་སྟོབས་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།

    ད་ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཐུན་མོང་གི་འབྱུང་འགྱུར་གཏོད་རྒྱུ་སྟེ། དུས་བབ་གསར་པ་དང་། གོ་སྐབས་གསར་པ། མཉམ་ལས་གསར་པ”བཅས་ཡིན་པ་དང་། གྲོས་གཞིའི་ནང་ཁུལ་ཁོངས་བདེ་འཇགས་དང་། ནུས་རྒྱུ་མཁོ་སྤྲོད། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། ཕན་ཚུན་སྦྲེལ་མཐུད། མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

    ད་ལོ་ནི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ཀྲ་ཧྥར་གྱིས། “པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་པ་ནས་ད་བར་ངས་ཐོག་མཐའ་བར་གསུམ་དུ་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད། 2002ལོའི་ཟླ་4པར་རང་ཉིད་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་དང་པོར་ཞུགས་པའི་གོ་སྐབས་བཟང་པོ་ཐོབ་བྱུང་། ལོ་ངོ་25ཡི་རིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡར་གཞི་ཚུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཡོད”ཅེས་བརྗོད། 1976ལོར་ཀྲ་ཧྥར་སློབ་མའི་ཐོབ་ཐང་ཐོག་ནས་ཀྲུང་གོར་ཐེངས་དང་པོ་ཡོང་པ་དང་། དེ་རྗེས་ཀྱི་ལོ་50ཙམ་རིང་ཀྲ་ཧྥར་གྱིས་ཀྲུང་གོར་ཡུན་རིང་སློབ་སྦྱོང་དང་ལས་ཀ་བྱས། རྒྱལ་ནང་དུ་ལོག་རྗེས་ཀྲ་ཧྥར་གྱིས“ཀྲུང་གོ་ཤེས་རྟོགས”ཞེས་པའི་གླེང་སྟེགས་བཙུགས་པ་དང་མིག་སྔར་ཕ་ཁི་སི་ཐན་གྱི་ཙུང་ལིའི་ཀྲུང་གོའི་ལས་དོན་གྱི་དམིགས་བསལ་འཐུས་མིའི་འགན་འཁུར་བཞིན་ཡོད་པ་རེད།

    ཀྲ་ཧྥར་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕ་ཁི་སི་ཐན་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་པ་ལས་འཛམ་གླིང་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་འགན་འཁྲི་འཁུར་སེམས་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཀྲ་ཧྥར་གྱིས། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ལོ་རེའི་ལོ་ཚོགས་བདེ་བླག་ངང་གཉེར་རྒྱུར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། “པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། པོ་ཨའོ་གྲོང་རྡལ་ཆུང་ངུ་དང་ཧའེ་ནན་ཞིང་ཆེན་ཡང་ཡར་རྒྱས་འགྲོ་བཞིན་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་གླིང་ཕྲན་ཡོངས་ཀྱི་འགག་སྒོ་བཀག་ནས་འཁོར་རྒྱུག་བྱས་པ་དེས་ཧའེ་ནན་གྱི་འཕེལ་རྒྱས་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་གཏོད་རྒྱུ་ཡིན་པ་སྨོས་མེད་རེད” ཧའེ་ནན་གྱིས་རང་མོས་ཚོང་དོན་གྲུ་ཁའི་གོ་སྐབས་དམ་འཛིན་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།