ཀྲུང་གོ་དང་ཁེན་ནི་ཡའི་ཚོང་དོན་གླེང་སྟེགས་ནེ་རོ་པིར་གཉེར་བ།
ཉེ་ཆར། ཁེན་ནི་ཡས་སྒོ་ཁྲལ་མི་དགོས་པར་ཀྲུང་གོར་བཏང་བའི་ཚོང་ཟོག་འགྲེམས་སྟོན་དང་ཀྲུང་གོ་དང་ཁེན་ནི་ཡའི་ཚོང་དོན་གླེང་སྟེགས་ཁེན་ནི་ཡའི་གྲོང་ཁྱེར་ནེ་རོ་པིར་གཉེར་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་དང་ཁེན་ནི་ཡའི་ཕྱིར་གཏོང་སྐུལ་སྤེལ་དང་སྤུས་རྟགས་ཁྱབ་གདལ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་ཁྲལ་སྣའི་ཐོན་རྫས་ཚང་མར་སྒོ་ཁྲལ་མེད་པའི་སྲིད་ཇུས་ལག་ལེན་བསྟར་བར་དམིགས་ནས་ཀྲུང་གོ་དང་ཁེན་ནི་ཡའི་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་དང་ཚོང་པའི་འཐུས་མི་350ལྷག་ཙམ་ཞུགས་ཡོད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ད་ཐེངས་ཞིང་ལས་ཚོང་དོན་དང་། ནུས་རྒྱུ། རྨང་གཞིའི་འཛུགས་སྐྲུན། བཟོ་སྐྲུན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཁེ་ལས་64སྒྲིག་འཛུགས་བྱས་ནས། ཁེན་ནི་ཡའི་ཞིང་ལས་དང་། གཏེར་རྫས། ལས་སྣོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་25ཡིས་བྱེད་སྒོའི་ཁྲོད་ཀྲུང་གོར་སྒོ་ཁྲལ་མེད་པར་བཏང་བའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་ཁེ་ལས་མང་པོ་ཞིག་གིས་ཀོག་ཧྥེ་དང་། ཤིང་ཏོག་ཉིའུ་ཡིའུ་གོ གཏེར་ཁ་སོགས་ཁྱབ་ཁོངས་སུ་ཉོ་སྒྲུབ་ཀྱི་གྲོས་མཐུན་དང་མཉམ་ལས་ཀྱི་འདོད་མཐུན་བཞག་པ་རེད།
གླེང་སྟེགས་གཉེར་རིང་། ད་དུང་ལས་རིགས་གཞིར་བཟུང་དབྱེ་བའི་ཚོང་དོན་འབྲེལ་མཐུད་ཀྱི་ངོ་འཕྲད་གྲོས་མོལ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་དངོས་སྒྲུབ་མཉམ་ལས་ཀྱི་ལས་སྟེགས་བཏོད་ཡོད། ཆེད་དོན་བགྲོ་གླེང་གི་ལྷུ་ཚིགས་སུ་རྒྱལ་ཁབ་གཉིས་པོའི་དཔོན་རིགས་དང་ཚོང་པའི་འཐུས་མིས་སྒོ་ཁྲལ་མེད་པའི་སྲིད་ཇུས་དོན་འཁྱོལ་དང་། ཟོག་འགྲུལ་བགྲོད་ལམ་གཏོད་པ། ཞིང་ལས་མཉམ་ལས་སོགས་ཀྱི་གྲོས་གཞིའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།