རང་རྒྱལ་གྱིས་ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། “མི་གཅིག་གི་ནུས་པ་ཤོར་ན་ནང་མི་ཚང་མར་རྡབ་གསིག་བཟོ་བའི”དཀའ་གནད་བསལ་ཞིང་། 2028ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་རྒྱལ་ཡོངས་སུ་གཞི་རྩའི་ཆ་ནས་ཁྱབ་པར་བྱ་རྒྱུ་རེད།
ཟླ་3ཚེས་25ཉིན། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་བྱས་ཏེ་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་དང་འཚམ་པ་དང་དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། འདྲ་མཉམ་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་བཙུགས་པ་དེ་ཐོག་ནས་ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་དེ་ཆ་ཤས་སུ་ཚོད་ལྟ་བྱེད་པ་ནས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ་མཚོན་གྱི་ཡོད།
ན་དུས་སྨན་བཅོས་ཐུབ་པ་དང་རྒས་དུས་འཚོ་རྟེན་ཡོད་པ་ནི་མི་སེར་དུང་ཕྱུར་མང་པོའི་རེ་འདུན་ཡིན་ལ། རྒྱལ་ཁབ་སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་ཀྱང་ཡིན། དེ་ནི་རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པའི་རྨང་གཞིའི་ཐོག་ཆེད་མངགས་ནུས་ཤོར་མི་སྣར་དམིགས་ནས་བཙུགས་པའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཡིན། ཚོགས་སྤྱི་དེའི་གཞི་རྩའི་འཚོ་བར་ལྟ་རྟོག་དང་དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་བཅོས་ནད་སྐྱོང་ལ་ཞབས་འདེགས་ཞུ་བའམ་ཡང་ན་མ་དངུལ་འགན་ལེན་བྱས་པ་ཞིག་རེད།
མིག་སྔར། རང་རྒྱལ་གྱི་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་3.2ཟིན་པའི་ནང་ནུས་ཤོར་རྒན་རྒོན་ཁྲི་3500ཙམ་ཡོད། ཁོང་ཚོའི་གཞི་རྩའི་འཚོ་བར་ལྟ་རྟོག་དང་སྨན་བཅོས་ནད་སྐྱོང“ཐ་སྐྱོང”བྱས་ཏེ་ཁྱིམ་ཚང་མང་པོའི“ཁུར་པོ་ཡང་དུ”བཏང་བས་སྤྱི་ཚོགས་ཡོངས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་སྲིད་གཞུང་གིས་གཙོ་གནད་ཐོག་བཀོད་སྒྲིག་ཐེངས་མང་བྱས་ཏེ་ནུས་པ་ཤོར་མཁན་ལ་ལྟ་རྟོག་བྱེད་པའི་དཀའ་གནད་སེལ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཡུན་རིང་ནད་སྐྱོང་གི་འགན་བཅོལ་ཁྱབ་གདལ་གཏོང་དགོས་ལུགས”སླར་ཡང་ཁ་གསལ་བཏོན་ཡོད།
ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར་15ལ་ལག་ལེན་བསྟར་བ་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་གྲོང་ཁྱེར་49ལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་བར། མིག་སྔའི་ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་མི་དུང་ཕྱུར་3ཙམ་ལ་ཁྱབ་པ་དང་རིམ་རྩིས་བརྒྱབ་ན་ནུས་ཤོར་མང་ཚོགས་ཁྲི་330ལྷག་ཙམ་ལ་ཕན་པ་ཐོབ་ནས་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་ཡོད་པ་རེད།
བསམ་འཆར་ནང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ཀྱི་སྲིད་ཇུས་ལམ་ལུགས་འཛུགས་པ་དང་། བརྟན་ལ་རྒྱུན་མཐུད་ཆོག་པའི་མ་དངུལ་གྲབས་གསོག་ལམ་སྲོལ་འཛུགས་པ། འདྲ་མཉམ་དང་འོས་འཚམ་གྱི་ཐོབ་ཐང་འགན་ལེན་ལག་ལེན་བསྟར་བ། ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་དོ་དམ་འཁོར་སྐྱོད་ལམ་སྲོལ་འཛུགས་པ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
བསམ་འཆར་ལ་གཞིགས་ན། མི་སྤྱོད་ཚན་པ་དང་དེ་བཞིན་ཚན་པའི་ལས་བཟོ་དང་། རྒན་ཡོལ་ཞུ་མཁན། བབ་བསྟུན་ལས་ཞུགས་མི་སྣ། ལས་ཞུགས་ཐུབ་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སོགས་ཁོངས་གཏོགས་དོ་དམ་གྱི་རྩ་དོན་གཞིར་བཟུང་། ཡུན་རིང་ནད་སྐྱོང་འགན་བཅོལ་ནང་ཞུགས་པ་དེ་ཐོག་ནས་ཡུན་རིང་ནད་སྐྱོང་འགན་བཅོལ་རིམ་བཞིན་དམངས་ཡོངས་ལ་ཁྱབ་རྒྱུ་ཡིན་པ་མཚོན་ཡོད།
མ་དངུལ་གྲབས་གསོག་ལམ་སྲོལ་ཐད་ཚན་པ་དང་། མི་སྒེར། སྲིད་གཞུང་། སྤྱི་ཚོགས་སོགས་མ་དངུལ་གྲབས་གསོག་གི་ཐབས་ལམ་སྣ་ཚོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུན་རིང་ནད་སྐྱོང་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་0.3%ཙམ་ལ་གཅིག་གྱུར་གྱིས་ཚོད་འཛིན་བྱེད་པ། གྲོན་དངུལ་འཇལ་བའི་གཞི་གྲངས་དེ་ཡོང་འབབ་ཀྱི་ཆུ་ཚད་དང་འབྲེལ་ཡོད།
ཐོབ་ཐང་འགན་ལེན་བྱེད་པའི་ཐད་ཡུན་རིང་ནད་སྐྱོང་ཞབས་ཞུ་དེ་གཙོ་བོ་ཁྱིམ་སྡོད་ནད་སྐྱོང་དང་། སྡེ་ཁུལ་དུ་ནད་སྐྱོང་། སྒྲིག་གཞིར་ནད་སྐྱོང་བཅས་སུ་དབྱེ་ཡོད། ཐེབས་རྩ་དེ་གཏན་འབེབས་དང་མཐུན་པའི་ཡུན་རིང་ནད་སྐྱོང་གི་གཞི་རྩའི་ཞབས་ཞུའི་འགྲོ་གྲོན་གཏོང་སྤྲོད་བྱེད་པར་སྤྱོད་རྒྱུ་ཡིན་ཞིང་། མང་ཉུང་གི་ཚད་གཞི་གཏན་འཁེལ་བྱས་མེད། བསམ་འཆར་ནང་ད་དུང་ཐེབས་རྩའི་གཏོང་སྤྲོད་བསྡུར་ཚད་དང་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་ཁ་གསལ་བཟོས་ཡོད།
འགྲོ་ལུགས་རེ་ཞུ་བྱེད་པའི་ཐད་ལམ་ལུགས་ལག་བསྟར་བྱས་ཟིན་པའི་ས་ཁུལ་དུ་འགན་བཅོལ་ནང་ཞུགས་མཁན་ནམ་ཡང་ན་དེའི་ནང་མིས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་སྐར་ཁུང་ངམ་ཡང་ན་དྲ་ཐོག་ནས་རེ་ཞུ་བྱས་ཏེ་དཔྱད་གཞི་ཕུལ་ཆོག་པས། ནུས་པ་ཤོར་ནས་ཟླ་བ་6ཡན་ཕྱིན་པ་དང་རེ་ཞུ་ཕུལ་ནས་ཚད་དང་མཐུན་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་གཏན་འབེབས་ལྟར་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་ཆོག
འགག་སྒྲོལ་འཚོལ་ཞིབ་ནས་ཕྱོགས་ཡོངས་ནས་ལམ་ལུགས་འཛུགས་པའི་བར་ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཀྱིས་རྒས་དུས་བརྩི་མཐོང་ཐོབ་པའི་རེ་འདུན་མངོན་འགྱུར་ཐུབ་བཞིན་ཡོད་པ་དང་སྤྱི་ཚོགས་ཧྲིལ་པོའི་ཤེས་དཔལ་གྱི་ཚད་གཞི་ཡང་བསྐྱར་འགོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།