དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་འཚོ་བ་སྦྲང་རྩིའི་བཅུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    དཔྱིད་ཟླ་གསུམ་པར་དཔྱིད་རླུང་དལ་གྱིས་ལྡང་ནས་ས་གཞི་ཡོངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར། ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་དུ་སྐྱོད་སྐབས། དེ་གར་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ་མཁན་མང་ཞིང་། ལྗོན་ཤིང་གི་གསེབ་ནས་བྱ་བྱིའུ་ཡི་གསུང་སྙན་ལྷང་ལྷང་དུ་གྲགས་བཞིན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཉམས་སྣང་ཞིག་འཆར་འོང་།

    ད་ལོ་ལོ་65ལ་སླེབས་པའི་ཉི་ཆུང་གིས་ཉིན་ལྟར་རྫོང་རྒྱབ་ཀླུ་ཁང་དུ་ཐའེ་ཅི་དྲག་རྩལ་སྦྱོང་བར་འགྲོ་གི་ཡོད་ཅིང་། དེ་གའི་མཁའ་རླུང་གཙང་བ་དང་། ཁ་ཁུ་སིམ་པ། མཛེས་ལྗོངས་ཡིད་དུ་འོང་བ་བཅས་ལས་ཁོང་ལ་དགའ་སྤྲོ་དཔག་མེད་སྦྱིན། ཉི་ཆུང་གིས། “ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལྟ་བུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་རྨི་ལམ་དུའང་གཏོང་མི་སྲིད། ལྟོས་གྲོད་པ་མི་རྒྱག་པ་དང་གོས་ཀྱིས་ལུས་མི་དྲོད་པའི་སྔོན་མའི་ལོ་རབས་དེར་འགྲོ་བ་མིའི་ཐོབ་ཐང་ཟེར་བ་སྤྲོས་བྲལ་རེད”ཅེས་བཤད།

    ལོ་ངོ་67གོང་བོད་ཀྱིས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་སྤྱི་ཚོགས་ལམ་ལུགས་གསར་རྐྱང་ཞིག་བཙུགས་པ་དང་། མི་དམངས་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས་བོད་ཀྱི་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྦད་དེ་བྲལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ལ་འཕེལ་རྒྱས་མྱུར་པོ་འགྲོ་འགོ་ཚུགས། དུས་རབས་གསར་པར་སླེབས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོད་པ་བྱ་རྒྱུ”དེ་འཕེལ་རྒྱས་ཀྱི་གནས་ཚད་ཐོག་བཞག་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། སྲིད་ཇུས་དམངས་འཚོར་དམིགས་པ་དང་ནོར་ཤུགས་དམངས་འཚོར་ཕྱོགས་པ་མཐའ་འཁྱོངས་ཀྱིས་དམངས་འཚོར་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”དམིགས་པས། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས་སོགས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་འགྱུར་ལྡོག་ངོ་མ་མཐོང་བ་དང་། ཕན་འབྲས་ངོ་མ་ཐོབ་པ། དྲོ་སྐྱིད་ངོ་མ་ཚོར་བ་བཅས་བྱུང་ཡོད།

    མིག་སྔའི་བར། རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་སུ་མ་དངུལ་སྒོར་དུང་ཕྱུར་9.4བཏང་ནས་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་195དང་སྡེ་ཁུལ་རྒན་རྒོན་གྱི་ཉིན་རེའི་ལྟ་རྟོག་ལྟེ་གནས་65བསྐྲུན་པ་དང་། ལྗོངས་ཡོངས་ཀྱི་བྱིས་པའི་ཕན་བདེའི་སྒྲིག་གཞི་11ཚང་མར་ཚད་ལྡན་ཅན་གྱི་ཞབས་ཞུ་ཁག་20ཁྱབ་པ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”ཀྱི་ཚད་གཞི་སྔ་རྗེས་སུ་ཐེངས་གཉིས་མཐོ་རུ་བཏང་བ། ཡོང་འབབ་དམའ་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དྲོད་ལེན་རོགས་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་ཐོག་མར་བཙུགས་པ་བཅས་བྱས་ཡོད། བྱ་ཐབས་དེ་དག་ནི་ཚགས་དམ་པའི་དྲ་བ་ཞིག་དང་འདྲ་བར་སྲུང་སྐྱོང་བྱེད་དགོས་གལ་ཆེ་ཤོས་ཀྱི་ས་མཐོའི་ཚོགས་སྤྱིར་སྲུང་སྐྱོང་ཐུབ་ཡོད།

    རང་ལྗོངས་ཀྱིས་སྨན་བཅོས་ཐོན་ཁུངས་ཀྱི་བཀོད་ཇུས་ལེགས་སུ་གཏོང་བར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་བསྐྲུན་པར་སྐུལ་འདེད་བཏང་བས། མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་རྨང་གཞིའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། 2025ལོར“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་དུང་ཕྱུར་179.67དོན་འཁྱོལ་བྱས་པ་དེ་སློབ་མ་མི་ཐེངས་ཁྲི་335.17ལ་ཁྱབ་ནས་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་རང་ལྗོངས་ཀྱིས་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་162.91དོན་འཁྱོལ་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ལས་ཞུགས་ཚོགས་སྤྱིར་དམ་པོར་དམིགས་ནས། རྒྱ་ཆེའི་གཞོན་ནུ་ཚོའི་ཕུགས་འདུན་སྒྲུབ་རོགས་བྱས་པ་དང་། “གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་བའི”ཞིང་འབྲོག་པ་ལག་རྩལ་སྣ་གཅིག་ལ་མཁས་པའི་ཐོན་ལས་བཟོ་པར་འགྱུར་བར་བྱས་ཡོད།

    བོད་དུ་ལས་ཀ་བྱས་ནས་བགྲང་བྱ་40ཙམ་སོང་བ་དང་ད་ལྟ་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་པ་ལྷག་པ་དབང་འདུས་ཀྱིས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས། “ང་ཚོ་དུས་རབས་ཡག་པོ་ཞིག་ལ་འཚར་ལོངས་བྱུང་འདུག དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་ལས་མི་ཚང་མར་བདེ་སྐྱིད་བསྐྲུན་པ་དང་། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་ལས་མི་རྣམས་ལ་སྟབས་བདེ་བསྐྲུན་པ། ཕྲུ་གུ་ཚོ་སློབ་གྲྭར་འགྲོ་བར་ལེ་ལག་ཚང་བའི་སྒྲིག་བཀོད་དང་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཡོད་པ་བཅས་ཚང་མ་ནི་མི་མང་པོས་དཀའ་ལས་མང་པོ་བརྒྱབ་ནས་བྱུང་བའི་འབྲས་བུ་རེད”ཅེས་སེམས་འགུལ་ཐེབས་བཞིན་བཤད།

    ད་ལོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ད་དུང་མ་དངུལ་སྒོར་དུང་ཕྱུར་136བཏང་ནས་དམངས་འཚོའི་བྱ་བ་དངོས་34ཡག་པོ་བསྒྲུབ་རྒྱུ་ཡིན་པ་བཏོན་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མགྱོགས་མྱུར་མངོན་འགྱུར་བྱུང་ནས། མི་དམངས་ཀྱི་བདེ་སྐྱིད་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱེད་པའི་དྲོ་སྐྱིད་ལྡན་པའི་རྨང་གཞིར་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།