དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་ཀྱི་དཔལ་ཡོན་ས་མཐོར་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    “ས་མཐོའི་ནད་གཞི་འགོག་བཅོས་ཀྱི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙན་སེང་ཞུ་སྐབས། ང་རང་སེམས་འགུལ་ཐེབས་ནས་འདར་སྐད་ཀྱང་ཤོར་བྱུང་། འདི་ནི་ང་རང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཐག་ཉེ་ཤོས་ཤིག་ཡིན་ལ། ངས་འགན་འཁྲི་སྒྲུབ་ཚུན་དུ་བརྗེད་དཀའ་ཤོས་ཀྱི་དུས་སྐབས་ཤིག་ཡིན”ཞེས་ཟླ་3ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་སྨན་བཅོས་དང་འཕྲོད་བསྟེན་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པའི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མ་ཚོགས་ར་ནས་དོན་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས།

    ཁོང་གིས་ཚོགས་འདུའི་ཐོག་གྲངས་གཞི་ལྗིད་ཏིག་ཏིག་ཁག་ཅིག་བགྲང་པ་སྟེ། 2025ལོར་བོད་ཀྱི་གྲོང་ཁྱེར(ས་ཁུལ)གྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་120བར་མཐོ་རུ་བཏང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་ད་ལྟའི་ལོ་72.5བར་རིང་དུ་ཕྱིན་པ་སོགས་ཡིན།

    འདི་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པོའི་བསྡུས་རིས་ཤིག་ཡིན་ལ། དེ་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་ལ་སྲུང་སྐྱོང་གང་ལེགས་བྱས་པའང་མཚོན་གྱི་ཡོད།

    ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྡོག་རོལ་བཏང་བའི་མི་ཡུལ་གྱི་དམྱལ་ཁམས་ཡིན་ཏེ། མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་མི་ལུས་རང་དབང་མེད་པ་དང་། ས་ཞིང་དང་སྡོད་ཁང་མེད་པ་མ་ཟད། ཐ་ན་མིང་ཡང་མེད་པས། ཞིང་བྲན་བདག་པོའི་ཀོ་ལྕག་འོག་ཏུ་ཚེ་གང་སྡུག་ལས་བྱེད་དགོས་ཀྱི་ཡོད།

    ལོ་ངོ་67གོང་གི་དཔྱིད་ཀར་གངས་ལྗོངས་ས་མཐོར་དགའ་འོས་པའི་རྣམ་པ་ཤར། 1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱ་ལྕགས་སྒྲོག་ལས་ཐར་ནས་ཚེ་སྲོག་གསར་པ་ཐོབ། དེ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཡར་རྒྱས་ཤིག་ཀྱང་རེད།

    ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་དང་། ས་ཞིང་བགོས་པ། རང་ཁྱིམ་རང་བདག་བྱུང་བ་བཅས་ཀྱི་གནས་ཚུལ་ས་མཐོའི་ས་གཞི་ཆེན་མོར་ཁྱབ་སྐབས་གང་སར་ཡར་ལངས་བཅིངས་འགྲོལ་གྱི་དགའ་སྤྲོའི་རྣམ་པས་ཁེངས།

    དཔྱིད་རླུང་དལ་གྱིས་ལྡང་། གང་སར་རེ་བས་ཁེངས། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པའི་བར་དང་། དེ་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་པའི་བར། ལོ་ངོ་67རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱས་པས་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་བར་མཆོང་སྐྱོད་རླབས་པོ་ཆེ་བྱུང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་གཞི་རྩའི་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་གི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་མི་འབོར་100%ལ་ཁྱབ་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཕྱོགས་ཡོངས་ལ་ཁྱབ་པ་སོགས། སྔོན་ཆད་ལྟོས་གྲོད་པ་མི་རྒྱགས་པ་དང་། གོས་ཀྱིས་ལུས་པོ་མི་དྲོས་པ། སྨན་པ་དང་སྨན་དཀོན་པ་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླ་ལས་ཡོངས་སུ་གྱེས་ནས་འཚོ་གནས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།

    བོད་ཀྱི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོད་མེད་དེ་ཁོང་ཚོའི་ངོ་གདོང་ནས་མཐོང་ཐུབ། ད་ཆ་བོད་དུ་མི་རིགས་ཁག་གི་མི་དམངས་ཀྱི་ངོ་གདོང་ལས་འཕྱུར་བའི་བདེ་སྐྱིད་ཀྱི་འཛུམ་མདངས་དེ་ས་མཐོའི་སྐལ་བཟང་མེ་ཏོག་དང་འདྲ་བར་ཉི་འོད་ཁྲོད་དེ་བས་བཀྲག་མདངས་འཚེར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།