“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། དེའི་ནང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་། ལྷོ་ཁ་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ། ནག་ཆུ་གྲོང་ཁྱེར་སོག་རྫོང་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སོགས་ཀྱི་འགྲན་བསྡུར་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཡོད། 2025ལོའི་ཟླ་12པར་རང་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་དགུ་པར་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པར་གསེར་གྱི་རྟགས་མ་24དང་། དངུལ་གྱི་རྟགས་མ་32 ཟངས་ཀྱི་རྟགས་མ་20བཅས་ཐོབ་སྟེ་རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ལ་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། དེའི་ནང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་པ་དང་བུད་མེད་ལན་ཆིའུ་སྤོ་ལོའི་རུ་ཁག་ལ་དངུལ་གྱི་རྟགས་མ་ཐོབ་ཡོད། བདམས་ཐོན་པ་ཡེ་ཤེས་བློ་གྲོས་དང་ཆོས་ཉིད་སྐལ་བཟང་ལ་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལྗིད་འདེགས་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་8ཐོབ་ནས་དམིགས་བསལ་ཨོ་རྩལ་འགྲན་ཚོཌ་ལྗིད་འདེགས་རྣམ་གྲངས་ཁྲོད་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
གླེང་རིན་ཡོད་པ་ཞིག་ལ། རང་ལྗོངས་ཀྱི་ལུས་རྩལ་པས་2025ལོའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཐའེ་ཆོན་ཏའོ་དྲག་རྩལ་གྱི་ལེགས་སྐྱེས་འགྲན་བསྡུར་དང་ཐོ་ཁེའོ་འོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་བསྡུར། དེ་བཞིན་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐའེ་ཆོན་ཏའོ་དྲག་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་ཚང་མར་ཨང་ལྔ་པའི་ཕུལ་བྱུང་གྲུབ་འབྲས་བླངས་ནས། དབང་པོ་སྐྱོན་ཅན་གྱི་ཐའེ་ཆོན་ཏའོ་དྲག་རྩལ་འགྲན་བསྡུར་གྱི་རང་ལྗོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད།
འབྲེལ་ཡོད་གསར་འགྱུར།