དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཕོ་འགྱུར་རླབས་ཆེན་སེམས་ལ་བརྟན་པོར་ངེས། དུས་རབས་རྒྱང་ལམ་གསར་པར་འབད་འབུངས་བྱེད།

    —— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    ཆེད་བརྗོད།

    ས་མཐོར་དཔྱིད་དཔལ་རབ་ཏུ་བཞད་ནས་གང་སར་རྣམ་པ་གསར་རྐྱང་དུ་འགྱུར་བའི་སྐབས་འདིར། ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བའི་དྲན་གསོའི་ཉིན་མོ་བསུས་ཡོད།

    ལོ་ངོ་67གོང་གི་དཔྱིད་ཀར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་ནས་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་ནས། བོད་ཀྱི་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་དུས་རབས་གསར་པའི་འགོ་བརྩམས་ཡོད། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། རང་རེའི་ཏང་གི་ལོ་རྒྱུས་བཅས་སུ་མཛད་རྗེས་རླབས་ཆེན་གྱི་ལེའུ་བཀོད་ཡོད། དེ་ནི་བཀས་བཀོད་རྒྱུད་འཛིན་དང་བཤུ་གཞོག་མེད་པར་བཟོ་བའི་ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་ཡིན་ཞིང་། དེས་བོད་ཀྱིས་བཅིངས་འགྲོལ་ཤུགས་ཆེན་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བའི་ལེའུ་གསར་རྐྱང་ཞིག་ཕྱེ་ཡོད། དེ་ནི་ལོ་ངོ་སྟོང་གི་ལྕགས་སྒྲོག་གཏོར་བའི་ཉམས་པ་མེད་པའི་མཛད་རྗེས་ཡིན་ཞིང་། མི་དམངས་དམངས་གཙོའི་མེ་སྟག་གིས་ས་མཐོའི་མཚན་གཞུང་རིང་མོར་འོད་སྣང་སྦྱིན་ཡོད། དེ་ནི་དཔྱིད་ཀྱི་འབྲུག་སྒྲ་ས་གཞི་ཆེན་པོར་གྲགས་པའི་འཕོ་འགྱུར་རླབས་པོ་ཆེ་ཡིན་ཞིང་། དེས་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད།

    དཀའ་སྤྱད་འབད་འབུངས་བྱས་ནས་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་དུ་བསྐྱོད། བགྲང་བྱ་67རིང་ཡུན་རིང་དཀའ་བ་སྤྱད་པར་འབྲས་བཟང་སྨིན་ཏེ་གངས་ལྗོངས་ས་མཐོར་མི་ཡུལ་གསར་རྐྱང་ཞིག་བརྗེས་པ་དང་། འཕོ་འགྱུར་ཆེན་པོ་དེ་དག་ལས་མི་སེམས་ལ་སྐུལ་མ་ཐེབས་འོས་པ་ཞིག་ཡོད་པ་དང་། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ངོ་མཚར་བཏོད་ཡོད། ལྷག་དོན་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བས་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཐུབ་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་སྐབས་རྟེན་འབྲེལ་ཞུ་བར་ཐེངས་གཉིས་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་པ་དང་། དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ནང་ནམ་ཡང་བརྗེད་ཐབས་བྲལ་བའི་དྲན་ཤེས་དང་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་དྲན་ཤེས་བཞག་ཡོད། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་རེ་རེ་ལས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་གྱི་ཡོད་ལ། ཡར་རྒྱས་རེ་རེའི་ནང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་གཅིག་ཏུ་འདུས་ཡོད།

    འབད་འཐབ་ཀྱིས་འོད་སྟོང་གྲུབ་འབྲས་བཏོད། ང་ཚོས་གོམ་སྟབས་བརྟན་པོ་སྤོས། དེང་གི་བོད་ལྗོངས་སུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(གྲོང་ཁྱེར)དུ་འཛུགས་གཏོད་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། མི་རིགས་ཁག་གི་མང་ཚོགས་ལ་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཆུང་སྐྱོང་མཁན་ཡོད་པ་བཅས་ལས་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་འགྲོ་བ་དང་། ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ། ཡུལ་ལྗོངས་ལྟ་ན་སྡུག་པ་བཅས་ཀྱི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་རིས་ཤིག་རིམ་བཞིན་མངོན་ཡོད། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་རྟོན་རང་དར་དང་སེམས་ཤུགས་ཆེན་པོས་ས་མཐོའི་ས་གཞི་ཆེན་པོར་དཔྱིད་དཔལ་རབ་ཏུ་བཞད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་རིས་ཤིག་མངོན་པར་བྱས་ཡོད་ལ། འགོག་ཐབས་མེད་པའི་གོམ་སྟབས་སྤོ་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱང་ལམ་ཕྱོགས་སུ་བསྐྱོད།

    བྱ་གཞག་རླབས་པོ་ཆེ་ཡིས་བདེན་དོན་གསལ། ང་ཚོས་བཀའ་དྲིན་མ་བརྗེད་སེམས་ལ་ངེས། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་གང་ལེགས་མངོན་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་བདེན་དོན་གྱི་སྟོབས་ཤུགས་རླབས་པོ་ཆེ་ར་འཕྲོད་གང་ལེགས་ཐུབ་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མཚོན་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་གང་ལེགས་མངོན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་དར་རྒྱས་ཡར་ཐོན་ཡོང་བ་དང་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་དང་། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་གསར་པ་སྐྱེལ་ཐུབ་པ་ལོ་རྒྱུས་དང་ལག་ལེན་ཐོག་ནས་ར་སྤྲོད་བྱས་དང་བྱེད་མུས་རེད།

    དངོས་སྒྲུབ་ཀྱིས་འབྱུང་འགྱུར་གྱི་མདུན་ལམ་གསལ། ང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པར་ང་ཚོའི་ཕྲག་ཐོག་གི་འགན་འཁྲི་ལྕི་ལ་བློ་སྟོབས་ཀྱིས་ཁེངས་བཞིན་ཡོད། དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་རྣམ་པ་གསར་པ་གཏོད་པར་ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བར་ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱས་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་དར་རྒྱས་སྲ་བརྟན་གྱི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཡག་པོ་སྤེལ་དགོས།

    འདས་དོན་ལ་ཕྱིར་དྲན་བྱེད་སྐབས་དྲག་ཆར་རླུང་འཚུབ་བརྒྱུད་མྱོང་ལ་འོད་སྟོང་འཕྲོ་བའི་ལམ་བུར་ཡང་བསྐྱོད་མྱོང་། མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་བྱེད་སྐབས་གནས་ལུགས་བསྡུས་པོ་དགོས་པ་དང་དོན་གཉེར་གཙོ་བོར་འཛིན་དགོས། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དུ་བཏོད་པའི་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་མདུན་ལམ་གདོང་གིས་བསུས་ནས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་རྟོན་རང་དར་དང་། གཞུང་འཁྱོངས་གསར་འབྱེད། མཐུན་སྒྲིལ་འབད་འཐབ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཁ་དང་གཟི་བརྗིད་དེ་བས་རླབས་ཆེ་བ་བརྩོན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།