འཛམ་གླིང་དུས་བབ་ཡོ་ལང་ཆེ་བའི་ཁྲོད་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་། བློས་འགེལ་ཆོག་པ། དགེ་མཚན་ལྡན་པ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པ།

འདི་ནི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལོ་ཚོགས་ཀྱི་ཚོགས་ར་གཙོ་བོའི་ཕྱིའི་ཡུལ་ལྗོངས་ཡིན་པ།

འདི་ནི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་ལ་རིག་ནུས་འཕྲུལ་མིས་འཁྲབ་སྟོན་བྱེད་བཞིན་པ།
ཟླ་3ཚེས་24ཉིན། “ཐུན་མོང་གི་འབྱུང་འགྱུར་གཏོད། དུས་བབ་གསར་པ་དང་། གོ་སྐབས་གསར་པ། མཉམ་ལས་གསར་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་དུས་བཀག་ལྟར་འཚོགས་ཤིང་། འཕེལ་རྒྱས་ཀྱི་གོ་སྐབས་གླེང་བ་དང་། མཐུན་སྒྲིལ་མཉམ་ལས་དོན་གཉེར་བྱེད་པ། གཉིས་ཁེ་གཉིས་ཕན་ཡོང་རེ་བྱེད་པ་བཅས། གོ་ལ་ཧྲིལ་པོའི་ས་ཁམས་ཆབ་སྲིད་ཀྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་འགོར་བ། ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་འདེགས་པ་བཅས་ཀྱི་རྒྱབ་ལྗོངས་འོག་ད་ལོའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
ད་ལོ་ནི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཡིན་ལ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་གྱི་སྒོ་ཁྲལ་སྡོམ་པའི་ལས་གཉེར་བྱས་རྗེས་འཚོགས་པའི་ལོ་ཚོགས་ཐོག་མ་ཡང་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་སྟེགས་ཀྱི་ལོ་ཚོགས་བརྒྱུད་མཉམ་ལས་ཀྱི་གོ་སྐབས་སྔར་བས་མང་བ་ཡོང་རེ་བྱེད་བཞིན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་འཛམ་གླིང་དུས་བབ་ཡོ་ལང་ཆེ་བའི་ཁྲོད་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་། བློས་འགེལ་ཆོག་པ། དགེ་མཚན་ལྡན་པ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པ་དང་། བརྟན་ལྷིང་མདུན་སྐྱོད་ཀྱི་ཀྲུང་གོས་འཛམ་གླིང་ལ་རྒྱུན་མ་ཆད་པར་ངེས་གཏན་རང་བཞིན་དང་དྲང་ནུས་སྣོན་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོའི་བརྟན་ལྷིང་གིས་ལོ་བརྒྱའི་འགྱུར་ལྡོག་ཁྲོད་འགག་རྩའི་ནུས་པ་བརྟན་པོ་ཐོན་ཡོད།
རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཆེ་ཞིང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཕྱོགས་སྐབས་ཀྲུང་གོའི་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ནས་ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོའི་དཔལ་འབྱོར་གྱིས་བཏོན་པའི་འགག་རྩའི་ནུས་པ་བརྟན་པོར་གདེང་འཇོག་ཆེན་པོ་བྱས་ཡོད།
ད་ལོའི་ལོ་ཚོགས་ཐོག་ཡོངས་བསྒྲགས་བྱས་པའི《ཨེ་ཤེ་ཡའི་དཔལ་འབྱོར་གྱི་མདུན་ལམ་དང་དེ་བཞིན་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་2026ལོའི་ལོ་འཁོར་སྙན་ཞུ》ཡི་ནང་ཀྲུང་གོ་འདི་ཉིད་ཨེ་ཤེ་ཡའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི“སྔོན་ཐོན་རྣམ་པའི”རྒྱལ་ཁབ་ཀྱི་ཚབ་མཚོན་གྲས་སུ་བཅུག་ཡོད། སྙན་ཞུའི་ནང་ཀྲུང་གོ་ཚུད་པའི་ཨེ་ཤེ་ཡའི་དཔལ་འབྱོར་དངོས་ཚན་མང་པོ་ཞིག་གིས་མི་ཐབས་རིག་ནུས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་པ་དང་འབྲེལ། ཐོན་ལས་ཀྱི་རྨང་གཞི་ཆ་ཚང་པོ་དང་ལག་རྩལ་མཉམ་འགུལ་ལ་རང་བརྟེན་རང་བཞིན་ཆེན་པོ་ལྡན་ཡོད། ཀྲུང་གོས་རྒྱལ་ནང་གི་མི་ཐབས་རིག་ནུས་བེད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། སླད་ཕྱིན་ས་ཁོངས་དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བསྟན་ཡོད།
ཀྲུང་གོའི་བྱས་རྗེས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར“གཉིས་ཁེའི་ལྟ་བ”བརྒྱུད་སྤྲོད་བྱས་ཡོད།
མཉེན་ཆ་ནི་ཐེངས་འདིའི་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་བརྗོད་མང་བའི་ཚིག་ཅིག་རེད།
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཟུར་པ་དང་མེ་ལི་ཅན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལུའོ་པོ་ཐེ·ཁུའུ་ཕུའུ་མན་གྱིས། ན་ནིང་གོ་ལ་ཧྲིལ་པོའི་ཚོང་དོན་བསྡོམས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་མཉེན་ཆ་ཧ་ཅང་ཆེན་པོ་མངོན་ཡོད། “དེའི་རྒྱུ་མཚན་གལ་ཆེན་ཞིག་ནི་ཀྲུང་གོས་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་མུ་མཐུད་བཏང་བས་རེད”ཅེས་བརྗོད།
དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གསལ་ཐོ་དེ་བས་མང་དུ་ཕྱིན་པ་དང་ལམ་ལུགས་ཅན་གྱི་སྒོ་དབྱེ་ལས་འཕེལ་རྒྱས་ཀྱི་ཁེ་འབབ་བརྟན་པོའི་ངང་མང་དུ་ཕྱིན་ཡོད། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་སྒོ་དབྱེར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བར་བྱས་པས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་ཕྱིར་གཏོང་བྱེད་ཚད་6.1%འཕར་བ། ཕྱི་དངུལ་བརྟན་དུ་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི་བཏོན་པས་ཕྱི་རྒྱལ་གྱིས་མ་དངུལ་བཏང་ནས་གསར་དུ་བཙུགས་པའི་ཁེ་ལས་ཀྱི་གྲངས་འབོར་19.1%འཕར་བ་སོགས་2025ལོའི་ཀྲུང་གོའི་སྒོ་དབྱེའི“གྲུབ་འབྲས་གསལ་ཐོ”ལས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་སྔར་བས་ཆེ་རུ་གཏོང་བའི་ཀྲུང་གོའི་ཆོད་སེམས་དང་ལྷག་བསམ་རྣམ་དག་མངོན་གྱི་ཡོད།
ཀྲུང་གོའི་ཐབས་ཇུས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་ཐུན་མོང་ཐོག་དེང་རབས་ཅན་དུ་འགྱུར་བར་བྱེད་པའི“གདན་ཞུའི་ཡི་གེ”བཏང་ཡོད།
ངེས་གཏན་རང་བཞིན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་དཀོན་པའི་ཐོན་ཁུངས་ཤིག་ཏུ་ཉིན་རེ་བཞིན་འགྱུར་བཞིན་ཡོད། ཀྲུང་གོས་བརྟན་ལྷིང་ཡོང་བ་དང་སྔོན་དཔག་བྱེད་ཐུབ་པའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྟེན་ནས་འཛམ་གླིང་ལ“བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པའི”དུས་རབས་ཀྱི་འབོད་བརྡ་དྲག་པོ་བཏང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི“ཨར་ལས་དཔེ་རིས”ཡིན་ལ། ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བའི“གདན་ཞུའི་ཡི་གེ”ཡང་ཡིན།
གཞི་ཁྱོན་ལྷག་པར་ཆེ་བའི་ཀྲུང་གོའི་ཁྲོམ་ར་ལས་འཛམ་གླིང་ལ་ཁེ་སྤོགས་སྔར་བས་མང་བ་ལོངས་སྤྱོད་བྱེད་ཐུབ་ངེས་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས”པ་དང“ནང་འདྲེན་དང་ཕྱིར་གཏོང་ལ་མཐུན་སྦྱོར་བྱེད་པ་དང་དངོས་ཟོག་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའི་ལག་བསྟར་ཀྲུའུ་རེན་ཕེ་ཏེ་ལུའོ་ས་ཡིས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་བ་དེ་རྒྱལ་ཁབ་མང་པོའི་ངོས་ནས་བརྗོད་ན་གོ་སྐབས་ཆེན་པོ་ཞིག་ཡིན་པས། སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་དོན་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་བྱས་ནས་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
གསར་དར་ཁྱབ་ཁོངས་ཀྱིས་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ལ་མ་འཇོག་གི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་རྒྱུ་རེད།
“ཀྲུང་གོའི་འཕེལ་རྒྱས་ནི་དམ་པ་དོན་གཉེར་ཅིག་རེད”དེ་ནི་དབྱི་ཐ་ལིའི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཟུར་པ་སྨི་ཁའེ་ལེ·ཅེ་ལ་ཆི་ཡིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་གདེང་འཇོག་བྱས་པ་ཞིག་རེད། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྐོར་ལ་དཔྱད་བསྡུར་འཁྲུག་པོ་ཞིག་བྱས་ནས་འཛམ་གླིང་ལ་བརྡ་རྟགས་གསལ་པོ་ཞིག་བརྒྱུད་སྤྲོད་བྱས་པ་སྟེ། ངེས་གཏན་མེད་པའི་འཛམ་གླིང་ཁྲོད་ཀྲུང་གོའི་ངེས་གཏན་རང་བཞིན་ནི་གཅེས་སྤྲས་བྱེད་རིན་ཆེན་པོ་ལྡན་པའི་ཐོན་ཁུངས་ཤིག་ཡིན་པ་དང་། ཀྲུང་གོ་དང་མཉམ་དུ་སྐྱོད་པ་ནི་གོ་སྐབས་མཉམ་སྤྱོད་བྱེད་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།