ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས་བློ་མཐུན་ཝང་མེའོ་ལིའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ།
ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་བློ་མཐུན་ཝང་མེའོ་ལིའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱེད་པ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་བསྒྲུབས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་སྲུང་སྐྱོབ་པ་ཞིག་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
བློ་མཐུན་ཝང་མེའོ་ལི་ཡིས་ད་ལྟ་ཧོ་ནན་ཞིང་ཆེན་གྱི་བཙན་ཐབས་ལོགས་བཀར་དུག་གཅོད་སུའོ་གཉིས་པའི་སློབ་གསོ་ཁོའོ་ཡི་རིམ་པ་དང་པོའི་ཉེན་རྟོག་དཔོན་གྱི་འགན་བཞེས་བཞིན་ཡོད་པ་དང་། ཁོང་ལ“ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད།
ཁྲིམས་འཛིན་སྲིད་འཛིན་གྱི་གཞི་རིམ་ལས་དོན་གྱི་འཐབ་ས་དང་པོར་གཞི་ཚུགས་ནས་ལོ་20ལྷག་ཙམ་སོང་རིང་། བློ་མཐུན་ཝང་མེའོ་ལི་ཡིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། དམངས་ཀྱི་ཆེད་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཁྲིམས་སྐྱོང་དད་སེམས་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པ་བཅས་དང་ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་འཕྲད་སྐབས་དཔའ་ངར་ཞུམ་མེད་དང་དམངས་ཆེད་བློས་གཏོང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་བཏང་བས། དུས་རབས་གསར་པའི་སྲིད་ཁྲིམས་དམག་ཧྲག་གི་ཉམས་འགྱུར་བཟང་པོ་མཚོན་ཡོད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་སྲིད་ཁྲིམས་ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་དང་གཞི་རྟེན་གསར་གཏོད་བྱས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ལ་བློ་མཐུན་ཝང་མེའོ་ལི་མིག་དཔེར་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།