སྡེ་ཚན་མང་པོས་བསམ་འཆར་བཀྲམ་ནས་བཏོན་དོན།
གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས།
ཚེས་24ཉིན། གསར་འགོད་པར་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་20ཡིས《གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཐུན་མོང་ཐོག་བཀྲམ་ནས། དབུལ་ལོག་དང་དབུལ་པོར་འགྱུར་བའི་ཁྲོད་ཀྱི་དབང་པོ་སྐྱོན་ཅན་གཙོ་གནད་དུ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་ཐབས་ལག་ལེན་བསྟར་བ་དང་། དབང་པོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དབང་པོ་སྐྱོན་ཅན་གཞི་ཁྱོན་ཅན་གྱི་དབུལ་ལོག་དང་དབུལ་པོར་མི་འགྱུར་བ་བྱ་རྒྱུ་རེད།
བསམ་འཆར་ནང་ཁ་གསལ་བཏོན་དོན། དབང་པོ་སྐྱོན་ཅན་དབུལ་འགོག་བྱ་ཡུལ་གནད་སྨིན་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབྱེ་འབྱེད་བྱེད་རིང་དབང་པོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་བྱེད་པ། ཁྱིམ་ཚང་གཅིག་ནང་དབང་པོ་སྐྱོན་ཅན་མང་བ་དང་། རྒན་རྒོན་དབང་པོ་སྐྱོན་ཅན། དབང་པོ་སྐྱོན་ཅན་ནད་པ། རྒན་རྒོན་གྱིས་ཕྲུ་གུ་དབང་པོ་སྐྱོན་ཅན་གསོ་བ་སོགས་ཀྱི་དམིགས་བསལ་ཁྱིམ་ཚང་ལ་གཙོ་གནད་ཐོག་དོ་ཁུར་བྱེད་དགོས། རིགས་དབྱེའི་ངང་གནད་སྨིན་རོགས་སྐྱོར་བྱས་ནས། ངལ་རྩོལ་ནུས་ཤུགས་མེད་པའི་དབང་པོ་སྐྱོན་ཅན་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་ནང་བཅུག་སྟེ་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་ངེས་ཅན་ཡོད་པའི་དབང་པོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་དོ་སྣང་གིས་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱས་ནས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།
བསམ་འཆར་ནང་། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། དབང་པོ་སྐྱོན་ཅན་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཐ་སྐྱོང་ཏན་ཏིག་ཡོང་བ་དང་། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ནུས་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། བདེ་ཐང་སླར་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་བརྒྱུད། གསོ་བཅོལ་ལྟ་སྐྱོང་ཞབས་ཞུ་དང་། འགོག་མེད་ཁོར་ཡུག་འཛུགས་སྐྱོང་། དེ་བཞིན་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བརྒྱུད། དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་དང་ཕྱིར་སྐྱོད་དེ་བས་སྟབས་བདེ་ཡོང་བ། བཅའ་ཁྲིམས་རོགས་སྐྱོར་དང་བཅའ་ཁྲིམས་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གནོད་འཚེ་མི་ཕོག་པ་བཅས་བྱེད་དགོས་པ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།